༧སྐྱབས་རྗེ་རབ་འབྱམས་རིན་པོ་ཆེས་དོལ་པོ་མདོ་རྟ་རབ་ཏུ་དོལ་པོའི་སྤུན་ཟླར་བསྩལ་བའི་བཀའ་སློབ།

ང་རང་ཚོའི་ནང་ལ་འཁྲུག་པ་སོགས་སྟབས་མི་བདེ་བ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་གཅིག་གང་ལ་བརྟེན་གྱིན་ཡོད་རེད་ཟེར་བ་ཡིན་ན། ཆང་ལ་བརྟེན་ནས་མང་པོ་ཞིག་བོད་དེ་བ་ལ་ཡོང་གི་འདུག འདིའི་ཕྱོགས་ལའང་ཏོག་ཙམ་ཏོག་ཙམ་ཡོང་གི་ཡོད་པའི་གནས་ཚུལ་དེ་འདྲ་ཚུལ་གོ་ཐོས་བྱུང་། དེ་ལ་ཚང་མས་དེའི་ཐོག་ལ་ཐུགས་བསམ་བཞེས་གནང་རོགས། ་གོང་དུ་བཞུགས་པའི་བླ་མ་རྣམ་པ་དབུ་གཙོས་པའི་ཆོ་ག་དེ་འདྲ་གསུང་བའི་སྐབས་ལ་གསང་སྔགས་ཀྱི་དམ་ཚིག་རྫས་ལ་བདུད་རྩི་གཟེགས་མ་ཙམ་ཞིག་བཞེས་པའི་ལུགས་སྲོལ་ཡོད་རེད། མ་གཏོགས་རྦད་དེ་ར་བཟི་བཟི་བར་དུ་བཞེས་རྒྱུའི་ལུགས་སྲོལ་སྔོན་གྱི་བླ་མ་རྣམ་པ་སུས་ཀྱང་བྱས་ཡོད་མ་རེད། དཔེར་ན་སྐྱབས་རྗེ་བདེ་བར་གཤེགས་པ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་རེད། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་རེད། སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་རེད། སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་རེད། སྔགས་འཆང་ཁོང་རྣམ་པ་ཡིན་ནའང་ཚོགས་ཆང་ཟེར་མཁན་ཐུར་མ་གང་ཙམ་མ་གཏོགས་ཞེ་དྲག་མཆོད་ཀྱི་མི་འདུག་ག  ང་ཚོའི་འདིར་ལུང་ཁུག་དང་གནམ་གཤིས་ཀྱང་གྲང་མོ་དེ་འདྲ་ཡིན་དུས་མཚམས་མཚམས་བླ་མ་རྣམ་པས་གཙོ་བྱས། སྔགས་པ་རྣམ་པ་ཡིན་ནའང་རེད། དེ་ག་ནང་བཞིན་མི་སྐྱ་ཕོ་མོ་ཡིན་ནའང་རེད། ཆང་དེ་ཤུགས་ཆེ་སོང་བ་ཡིན་ན་ཆང་དེས་དཀའ་ངལ་ཞེ་བོ་བཟོ་བཞིན་ཡོད་རེད། ཆང་ལ་བརྟེན་ནས་རང་གི་བཟའ་ཚང་ནང་ལ་མི་མཐུན་པ་ཆགས། བཟའ་ཚང་ནང་ལ་འཁྲུག་པ་ཤོར། བཟའ་ཚང་ཙམ་མ་ཡིན་པར་ཁྱིམ་མཚེས་ཕར་ཚུར་འཁྲུག་པ་ཤོར་ནས་མི་གསོད་རེས་བྱེད། དེ་ནས་རང་གི་རྒྱུ་ཏོག་ཙམ་ཡོད་པ་དེ་ཆང་ལ་བརྟེན་ནས་མི་ལ་ཤོར་བ་སོགས་དེ་འདྲའི་དཀའ་ངལ་མང་པོ་ཞིག་ཡོང་གི་ཡོད་རེད། དེ་ག་ནང་བཞིན་སྐྱེ་སྨན་གྱི་ཁྱོ་གར་རྡུང་གིན་ཡོད་མེད་ཧ་མ་གོ ཆང་ལ་བརྟེན་ནས་ཁྱོ་གས་ནི་སྐྱེ་སྨན་ལ་བརྡུང་བསྡད་པའི་སྐད་ཆ་མང་པོ་ཞིག་ལྷགས་ཀྱིན་ཡོད་རེད། ཧེ་ཧེ་ཧེ་༼བཞད་མོ་བཞད།༽དེ་ཡིན་དུས་དེང་སང་འཛམ་བུ་གླིང་ནང་ལ་བལྟས་པ་ཡིན་ན་གནས་ཚུལ་དེ་ཐབས་སྐྱོ་བོ་ཞིག་རེད། མི་ཟེར་མཁན་དེ་ཐོབ་ཐང་འདྲ་འདྲ་རེད། དེ་ཡིན་དུས་ཕོ་ལ་ཟེར་གྱི་རེ་བ་ཁྱོག་ཐོང་། ཁྱོ་ག་ཚོས་ཆང་གི་ར་བཟི་བྱེད། སྐྱེ་སྨན་ལ་བརྡུང་དེ་འདྲ་བྱས་པ་ཡིན་ན་ཆོས་དང་མ་མཐུན་པ་ཆགས་ནས་སྡིག་པའི་ལས་རེད་བ། སྡིག་པ་ཟེར་མཁན་དེ་གོང་དུ་ཞུས་པ་ལྟར་ཕ་རོལ་པོར་སེམས་ཁོང་ཁྲོ་བ་སོགས་ལ་བརྟེན་ནས་གནོད་པའི་ལས་བྱས་པ་དེ་སྡིག་པ་དང། ཞེ་སྡང་ལ་བརྟེན་ནས་ལས་བསགས་པ་ཡིན་ན་དམྱལ་བར་འགྲོ་ཡི་ཡོད་རེད། དེ་ཡིན་དུས་དེ་ནས་རང་གི་མི་ཚེ་འདི་ཡི་ནང་དུ་ཏན་ཏན་རང་ལ་འགྱུར་བ་གཏོང་ཐུབ་རྒྱུ་རེད། བླ་མས་ཡས་ནས་མར་ལ་བཀའ་གནང་བ་ཙམ་ཞིག་མ་ཡིན་པར་རང་གི་ངོས་ནས་བསམ་བློ་བཏང་ནས་འགྱུར་བ་གཏོང་རྒྱུ་དེ་གལ་ཆེན་པོ་རེད། དེ་ནང་བཞིན་ཁོར་ཡུག་ལ་ཡང་ཚང་མས་དོ་སྣང་གནང་ནས་དེང་སང་པལསྚིག་༼འགྱིག་ཤོག༽ཟེར་མཁན་དེ་འདྲ་མང་པོ་ཞིག་ཡོང་གི་འདུག་ག ཤོག་བུ་འགྱིག་ཤོག་དེ་འདྲའི་གྲས་དེ་སྔོན་མ་སངས་རྒྱས་དང་གུ་རུ་རིན་པོ་ཆེ་བཞུགས་པའི་སྐབས་ལ་ཆུ་ཤོག་དེ་ཡོད་མ་རེད། ཁོང་རྣམས་བཞུགས་པའི་སྐབས་ལ་ཆུ་ཤོག་དེ་ཡོད་ན་གུ་རུ་རིན་པོ་ཆེས་ཆུ་ཤོག་གཡུགས་ན་ཏན་ཏན་སྡིག་པ་ཡོད་རེད་གསུངས་ཡོད་རྒྱུ་རེད་བསམ་གྱི་འདུག གང་ཡིན་ཟེར་ན་དེ་ལ་བརྟེན་ནས་ཁོར་ཡུག་ལ་གནོད་ཆེན་པོ་ཡོང་གི་ཡོད་རེད། དཔེར་ན་གཡག་ལ་སོགས་པས་ཆུ་ཤོག་དེ་བཟས་ན་ཁོག་ནང་དུ་ཐོགས་ནས་ཤི་འགྲོ་བ་དེ་འདྲ་ཡོང་གི་འདུག་ག     དེ་ག་ནང་བཞིན་ཆུ་ཤོག་འདི་ག་ས་གང་དུ་གཡུགས་ན་མི་རབས་བཞི་ཅུ་ཞེ་གྲངས་བར་དུ་འཕྲོ་རླག་འགྲོ་གི་ཡོད་མ་རེད། དེ་ཡིན་དུས་ང་ཚོས་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་ཟེར་མཁན་དེ་ཆུང་ཆུང་ནས་ཆེན་བྱེད་དགོས་པ་རེད་མ་གཏོགས།  ལམ་སང་ང་ཚོས་མགོ་དང་ཡན་ལག་སྦྱིན་པ་གཏོང་བ་དེ་འདྲ་བྱེད་ཐུབ་རྒྱུ་མ་རེད། དེ་ཡིན་དུས་བསམ་པ་རྣམ་པར་དག་པ་ཞིག་གི་སྒོ་ནས་wai wai ཆུ་ཤོག་གཅིག་གཡུགས་འདུག་ན། འོ་དེ་གཡུགས་ན་ཁོར་ཡུག་ལ་གནོད་ས་རེད། ཁོར་ཡུག་ལ་གནོད་ན་ང་རང་ཚོའི་ལུང་པ་ལ་གནོད་ས་རེད། ལུང་པ་ལ་གནོད་ན་མི་མང་པོ་ཞིག་ལ་གནོད་ས་རེད་བསམ་པའི་ཀུན་སློང་རྣམ་པར་དག་པ་ཞིག་གི་ཐོག་ནས་ཤོག་བུ་དེ་ཡར་བླངས་ནས་ཨམ་ཕྲག་ནང་ལ་བཅུག་སྟེ་ཕར་མེར་སྲེག་བཏང་བ་ཡིན་ན་དེ་ཡང་བྱང་ཆུབ་སེམས་པའི་བྱ་བ་ཞིག་ཆགས་ཀྱིན་ཡོད་རེད་ད། ཤེས་སོང་ངམ། སྐོར་བ་རྒྱག་རྒྱུ་དང་མ་ཎི་འདོན་རྒྱུ་ཙམ་མ་ཡིན་པར་ཆུ་ཤོག་གཅིག་ཀྱང་ཡར་བསྡུས། ཤོག་བུ་གཅིག་ཡོད་ནའང་ཡར་བསྡུས། དེ་ག་ནང་བཞིན་ཆང་རག་མང་པོ་བཏུངས་ན་འཁྲུག་པ་ཤོར། ཡང་སྐྱེ་སྨན་དང་ཕྲུ་གུ་སོགས་ལ་བརྡུང་རྒྱུ་ལ་སོགས་པ་ཡང་དེ་དག་ལ་སྡུག་བསྔལ་ཡོད་རེད་བསམ་ནས་མ་བརྡུངས་པ་ཡིན་ན་དེ་ཡང་དགེ་བའི་ལས་རེད། དེ་འདྲ་ཡིན་དུས་ཁོར་ཡུག་ལ་དོ་སྣང་གནང་རྒྱུ་དང་། ཆང་རག་དེ་དག་ཀྱང་ཁྱེད་རྣམ་པས་གང་ཉུང་ཉུང་ཞིག་ངས་འབོད་སྐུལ་ཡིན། ད་རེས་འདིར་ཡོང་བའི་སྐབས་སུ་ངས་འབོད་སྐུལ་བྱས་པ་ནང་བཞིན་ཆང་རག་དེ་གང་ཉུང་ཉུང་ཞིག ཆང་རག་དེ་མང་པོ་བཀྲམ་ཡོང་དུས། ཕོ་གསར་ཐམས་ཅད་ར་བཟི་ནས་ལས་ཀ་མི་བྱེད། ལས་ཀ་མ་བྱས་ན་ལུང་པ་ལ་ཡར་དང་མི་མང་ལ་ཡོན་ཏན་མེད། དེ་ཡིན་དུས་གཙོ་བོ་བླ་མ་རྣམ་པས་བཀའ་སློབ་གནང་། མི་དམངས་རྣམ་པ་ཡིན་ནའང་གང་ཐུབ་ཐུབ་ཀྱི་ཆང་དེ་ཉུང་དུ་གཏོང་རོགས་གྱིས་ཟེར་ནས་ངས་འབོད་སྐུལ་དེ་འདྲ་ཞུ་རྒྱུ་ཡིན། ཚོགས་པ་འཚོག་པ་དང་འདོན་པ་འདོན་པ་དེ་འདྲའི་སྐབས་ལ་ཡིན་གཅིག་མིན་གཉིས་ཆང་ཤེལ་དམ་མང་པོ་དེ་འདྲ་གང་ཡང་དགོས་པ་ཡོད་མ་རེད། དམ་ཚིག་གི་རྫས་ལ་ཉུང་ཉུང་ཞིག་མ་གཏོགས་དགོས་པ་ཡོད་མ་རེད།

དེ་འདྲ་ཡིན་དུས་ཚང་མས་དེའི་ཐོག་ལ་དོ་སྣང་གནང་། མ་གཞི་རྗེས་མ་སྤྲུལ་སྐུ་རིན་པོ་ཆེ་དེ་དག་གིས་བཀའ་སློབ་གནང་དང་གནང་གི་རེད། དེ་དག་ཁྱེད་རྣམ་པ་ཚང་མས་གསན་དགོས་པ་རེད།ཆོས་ཟེར་བ་དེ་གཙོ་བོ་བླ་མས་བཀའ་སློབ་དང་བཀའ་ཆོས་གནང་བ་དེ་རང་གི་སེམས་ལ་བཞག་ནས་ལག་ལེན་བསྟར་དགོས་ཀྱི་རེད་མ་གཏོགས་དེ་མ་ཡིན་པའི་ཆོས་ཟེར་བ་ཅི་ཡོད་མ་རེད། དེ་བས་ན་རང་གི་རང་ལ་འགྱུར་བ་གཏོང་རྒྱུ་དེ་གལ་ཆེན་པོ་རེད།།    །།གོང་གསལ་བཀའ་སློབ་དེ་ཉིད་སྤྱི་ལོ་༢༠༡༡ལོར་དོལ་པོ་མདོ་རྟ་རབ་ཏུ་ཁོང་ཉིད་ནས་ང་འདིར་ཡོང་བའི་སྐབས་སུ་འབོད་སྐུལ་ཡིན་པར་གསུངས་པས་རང་རིགས་སྔགས་འཆང་སྐྱ་སེར་ཀུན་ནས་གཅེས་ཉར་བྱེད་དགོས་འདུག་ཅིང་གཞན་ཡང་དོལ་ལྗོངས་ཡར་རྒྱས་དང་སྔོན་ཐོན་གྲས་སུ་སྐྱོད་པར་འདོད་ན་དངོས་སུ་རེམས་དགོས་ཤིང་། ལྷག་པར་ཆང་གི་འཐད་ལ་ལན་གཅིག་མིན་པར་ཡང་ཡང་ནན་ཏན་མཛད་འདུག་པས་ཕྲན་རང་ཉིད་བཀའ་སློབ་གསུང་སྐབས་དངོས་སུ་དེར་བཅར་མ་ནུས་ཀྱང་ལག་ཐོགས་ཁ་པར་ནང་ནས་གཟུགས་མཐོང་བརྙན་ཕྲིན་ཞིག་མཇལ་བས་དུས་རབས་འདིར་དོལ་པོའི་སྤུན་ཟླར་དགོས་ངེས་ཆེ་བར་མཐོང་སྟེ་ཕན་དུ་རེ་ནས། ༢༠༡༢ སྤྱི་ལུགས་ལོ་གསར་ཚེས། ༡ ཉིན་དོལ་པོ་ཉིན་བྱུང་གྲུབ་ཐོབ་ཀྱི་རྒྱུད་མིང་འཛིན་པ་ཉིན་བྱུང་ཨོ་རྒྱན་རྒྱལ་མཚན་ནམ་ཉིན་ཆུང་གདུང་སྲས་སུ་འབོད་པས་ཡིག་ཐོག་ཏུ་ཕབ་བཤུ་བྱས་པའོ།།  །།