ཀུན་མཁྱེན་དོལ་པོ་པ།

 

ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་ནི་འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས། དྲི་ཟའི་རྒྱལ་པོ་ང་འདས་པའི་འོག་ཏུ་ལྷོ་ཕྱོགས་ཀྱི་རྒྱུད་དུ་དྲང་སྲོང་དོལ་པོ་ཞེས་བྱ་བའི་ཡུལ་འཁོར་ཀ་ཡོ་རི་བསོད་ནམས་ལྡན་པའི་གྲོང་ཁྱེར་བྱེ་མ་ཆེན་པོ་ཞེས་བྱ་འབྱུང་སྟེ། གྲོང་དེ་ལ་འབབ་ཆུ་མཛེས་སྦྱོར་ཞེས་བྱ་སྟེ། དེའི་བྱང་ཕྱོགས་ཀྱི་འགྲམ་དུ་འབྱུང་བར་འགྱུར་རོ་ཞེས་དང་། གཙུག་གཏོར་རྣམ་པར་རྒྱལ་མའི་བརྒྱུད་ལས། བདེ་གཤེགས་ཉ་ངན་འདས་འོག་ནས།། ལོ་ནི་སྟོང་ཕྲག་ཕྱེད་རིང་ཚེ།། གདོང་དམར་ཡུལ་དུ་ང་འདྲ་བའི།། བསྟན་པ་འཛིན་པའི་དགེ་སློང་ཞིག། ཆུ་བོ་ལྗོན་ཤིང་འཕྲེང་མཛེས་སུ།། ཀ་ཡོ་རི་ཡི་གྲོང་ཁྱེར་དུ།། ཡབ་ནི་ཡེ་ཤེས་དབང་ཕྱུག་ཆེ།། ཡུམ་ནི་ཚུལ་ཁྲིམས་རྒྱན་ཞེས་གྲགས།། སྲས་ནི་སངས་རྒྱས་མིང་ཅན་འབྱུང་།། ཞེས་སོགས་མདོ་རྒྱུད་དུ་མ་ནས་གསལ་བར་ལུང་བསྟན་པ་བཞིན་དོལ་ཕྱོགས་གྲུ་བཞིའི་ནང་ཚན་བན་ཚང་ཚོ་གསུམ་གྱི་ཁོངས་སུ་ཡབ་ཡེ་ཤེས་དབང་ཕྱུག་དང་། ཚུལ་ཁྲིམས་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་དགའ་བ་ཞེས་པ་ཆུ་ཕོ་འབྲུག་གི་ལོར་༡༢༩༢་སྐུ་བལྟམས། བླ་མ་སྐྱིད་སྟེང་པས་ཤེས་རབ་མགོན་པོ་ཞེས་པའི་མཚན་གསོལ། གུང་གྲངས་བཅུ་གསུམ་པར་གསང་བྲོས་ཀྱིས་སྐྱིད་སྟེངས་སུ་བྱོན་ཏེ་མཁན་པོ་ཚུལ་ཁྲིམས་སྙིང་པོའི་སྤྱན་སྔར་རབ་ཏུ་འབྱུང་ནས་མཚན་ཤེས་རབ་རྒྱལ་མཚན་དུ་གསོལ། གུང་གྲངས་བཅུ་དགུའི་ཐོག་སང་སྟབས་ཀྱིས་གློ་བོ་མོན་ཐང་ནས་བརྒྱུད་ཏེ་སྐྱི་སྟོན་གྲགས་རྒྱལ་ལ་ཚད་མ་རིག་རྒྱན་དང་། ཕར་ཕྱིན། མངོན་པ་སོགས་གསན་སྦྱོང་མཛད་ནས་གཙང་ས་སྐྱར་ཕེབས། དེ་རུ་ཐོས་བསམ་གྱི་སྒྲོ་དོགས་ཡོངས་སུ་བཅད་ཅིང་མི་འཇིགས་སྨྲ་བའི་སེངྒེ་གཅིག་པུར་གྱུར་ནས་རང་ཡུལ་དོལ་ལྗོངས་སུ་ཕེབས། མཆོད་རྟེན་བཀྲ་ཤིས་སྒོ་མང་གཙོས་མཆོད་རྟེན་ཆ་བརྒྱད་བཞེངས་ནས་སླར་ས་སྐྱར་ཕེབས། གུང་གྲངས་ཉེར་གསུམ་པར་དབུས་གཙང་གི་གདན་ས་ཁག་ལ་གྲྭ་སྐོར་མཛད་དུ་ཕེབས་ནས་མཁས་པའི་གྲགས་པ་གཟུར་གནས་བུ་མོ་དགྱེས་པའི་རྣ་རྒྱན་དུ་གྱུར།

 

 

དགུང་གྲངས་སོ་གཅིག་པར་ཇོ་མོ་ནང་དུ་བྱོན་ནས་ཆོས་རྗེ་ཡོན་ཏན་རྒྱ་མཚོའི་ཞབས་ལ་གཏུགས་ཤིང་གུང་གྲངས་སོ་ལྔ་པར་ཇོ་ནང་གི་གདན་སར་ཕེབས། གུང་གྲངས་སོ་དགུ་ནས་མཆོད་རྟེན་ཆེན་པོ་དཔལ་ཡོན་ཅན་བཞེངས་པའི་མགོ་བཙུགས་ནས་ལོ་གསུམ་ནང་ལ་ཡོངས་སུ་གྲུབ་པར་མཛད། གུང་ལོ་ང་གཅིག་པར་རྒྱ་ནག་གོང་མ་ཆེན་པོ་ཐོའུ་ཐེ་མུར་གྱིས་གང་གི་སྙན་པ་གསན་ནས་རྒྱ་ནག་ཏུ་ཕེབས་དགོས་པའི་ཕོ་ཉ་བྱུང་ཡང་མ་ཕེབས་པར་སྒྲུབ་ལ་གཞོལ། ལྷག་པར་དུ་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་དགོངས་དོན་སེམས་ཀྱི་གསལ་ཆ་རིག་ཁམས་བདེ་བར་གཤེགས་པའི་སྙིང་པོ་རྩལ་དུ་བཏོན་ནས་ཆད་པས་གངས་ལྗོངས་འདིར་དབུ་མ་གཞན་སྟོང་པ་ཞེས་ཡོངས་སུ་གྲགས་པའི་རྩོད་བྲལ་གྱི་གྲུབ་མཐའ་དེ་དགག་སྒྲུབ་སྤོང་གསུམ་གྱི་སྒོ་ནས་སྲོལ་གཏོད་ཅིང་ལྟ་བ་དེ་ཉིད་རྒྱས་པར་བཤད་པའི་བསྟན་བཅོས་རི་ཆོས་ངེས་དོན་རྒྱ་མཚོ་ཞེས་པ་ཞིག་མཛད།  དེ་ལྟར་བསྟན་འགྲོའི་དོན་དུ་རླབས་ཆེ་བའི་མཛད་རྗེས་དཔག་མེད་བཞག་པས་དཔང་ལོ་ཙཱ་ཆེན་པོས། བུ་དོལ་ཤེར་གསུམ་བསྟན་པའི་སྲོག་ཤིང་ཡིན།། ཞེས་དང་། གནམ་ལ་ཉི་ཟླ་སྐར་གསུམ་དང་། ས་ལ་བུ་དོལ་ཤེར་གསུམ་ཞེས་མཁས་པའི་གྲགས་པས་ཡོངས་སུ་ཁྱབ་པར་གྱུར། གསུང་འབུམ་གྱི་སྐོར་ལ། དུས་འཁོར་གྱི་སྐོར་བསྟན་བཅོས་སོ་བརྒྱད། གྲུབ་མཐའི་སྐོར་ཆོས་ཚན་བཅུ་དྲུག  གཞན་ཡང་ཕར་ཕྱིན་དང་གསོལ་འདེབས། བསྟོད་ཚོགས་སྤྲིང་ཡིག བཀྲ་ཤིས་དང་སྨོན་ལམ་གྱི་སྐོར་བཅས་ཡོངས་བསྡོམས་ཆོས་ཚན་བརྒྱ་དང་དོན་བཞི་ཡོད་པར་གྲགས། དེ་ལྟར་དབུས་དང་གཙང་སོགས་བོད་ཡུལ་ཀུན་ཏུ་བསྟན་འགྲོའི་དོན་དཔག་ཏུ་མེད་པར་མཛད་པའི་རྣམ་ཐར་ཤིན་ཏུ་རྒྱས་པ་ཡོད་པར་དག་ལ་དཔགས་ནས་དེ་དུས་བོད་དབུས་ཕྱོགས་ནས་ཁོང་ལས་ཆེ་བའི་བླ་མ་མེད་པ་ལྟ་བུར་སྣང་། མཐར་གུང་གྲངས་བདུན་ཅུར་ལྕགས་གླང་༡༣༦༡ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། དམ་པ་གང་གི་ཞལ་སློབ་གཙོ་བོ་ས་བཟང་མ་ཏི། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་སོགས་མང་དུ་ཡོད་དོ།།