ཁྱེད་ལ་ཕུལ་བའི་སྤྲིངས་ཡིག

སྐྱིད་པའི་ཕ་ས་བཀྲ་ཤིས་ནམ་སྟོད་ན།།
གསེར་གྱི་ནོར་བུར་གཡུ་ཡིས་ཕྲ་བཀོད་པའི།།
ལྟ་ན་སྡུག་པའི་ང་ཡི་སློབ་གླིང་སྟེ།།
རྒྱལ་པོའི་ཕོ་བྲང་བཞིན་དུ་རྣམ་པར་མཛེས།།

མཐའ་སྐོར་སྨུག་ཁྲ་ཤིག་ཤིག་ལྕང་མས་བརྒྱན།།
དེ་ན་བྱི་འུ་འདྲ་མིན་སྣ་ཚོགས་པའི།།
གྲེ་འགྱུར་སྙན་མོ་རྣ་བའི་བདུད་རྩི་དང་།།
གཤོག་པའི་གར་སྟབས་མིག་གི་རྒྱན་ཆ་ཡིན།།

ཤར་གྱི་ཕྱོགས་ནས་བྲང་འགྲོའི་དབྱིབས་ལྟ་བུའི།།
གཙང་ཆུ་ཀྱག་ཀྱོག་ཉི་འོད་སེར་ལམ་ལམ།།
རྒྱུན་ཆད་མེད་ཅིང་གསེར་ཉ་འཁྱུག་འཁྱུག་བྱེད།།
སློབ་གླིང་མཛེས་པས་ཡིད་དབང་རབ་ཏུ་འཕྲོག།

འཛིན་ཁང་གྲུ་བཞི་རྒྱལ་མོའི་གཟིམས་ཁང་འདྲ།།
སྒོ་དང་སྒེའུ་ཁུང་པ་ཏྲའི་རི་མོས་རྒྱན།།
ཁོར་ཡུག་གཙང་ཞིང་མེ་ཏོག་དེ་བས་མཛེས།།
སློབ་གླིང་སྐྱིད་པོ་ལྷ་ཡུལ་གཉིས་པ་འདྲ།།

བཅོ་ལྔའི་རི་བོང་ཅན་གྱི་རྣམ་པ་ལྡན།།
བློ་རིག་གློག་འོད་བཞིན་དུ་འཁྱུག་པ་དང་།།
གཤིས་སྤྱོད་མ་མོའི་བལ་ལྟར་སྣ་རིང་བའི།།
སེམས་དཀར་ལྷད་མེད་སློབ་མ་གྲངས་མང་མཆིས།།

འཛིན་ཁང་རེ་ནས་མ་འོངས་སོན་རྩ་ཡིས།།
སེམས་ཤུགས་བརྩོན་འགྲུས་གཉིས་ཀྱིས་སློབ་ལ་འབད།།
ཀ་ཁའི་གྱེར་སྒྲ་སྙན་མོ་རྣ་བར་འཇེབས།།
དགེ་རྒན་རྣམས་པའི་བཀའ་དྲིན་ལྷང་ལྷང་དྲན།།

མ་འོངས་དུས་ཀྱི་སྦྲང་ཆར་ཁྱེད་རྣམས་ཡིན།།
ཡུལ་ལུང་ཇི་བཟོའི་འགན་འཁྲི་ཕྲག་ན་ཡོད།།
ཉིན་མཚན་དབྱེ་བ་མེད་པར་དུས་ཀུན་ཏུ།།
ལུས་སེམས་འོ་ཆུ་འདྲེས་ལྟར་སློབ་ལ་བརྩོན།།

ཕ་མ་བཟང་པོའི་བུ་ཕྲུག་སྤུན་ཟླ་ཚོ།།
ཕན་ཚུན་མཐུན་འབྲེལ་ཕྱར་བ་གྲུ་འདེགས་དང་།:།
རང་དོན་ཙམ་ལས་གཞན་དོན་རྒྱ་ཆེ་བའི།།
ཀུན་སློང་བཟང་པོ་སེམས་ལས་མི་འབྲལ་མཛོད།།

ཤེས་འཇོན་ཆེ་བའི་མཁས་དབང་སྙན་གྲགས་ཅན།།
ཁྲིམས་དཔོན་ཚོང་དཔོན་འདི་ནས་འབྱུང་བར་ཤོག།
སྐྱིད་པའི་སློབ་གླིང་ཡར་ངོའི་ཟླ་བ་བཞིན།།
ཡར་རྒྱས་ནུས་ཤུགས་གོང་ནས་གོང་དུ་འཕེལ།།

བདག་ནི་འཕགས་ཡུལ་ཕྱོགས་སུ་ཤེས་རིག་སྦྱོང་།།
ཁྱེད་རྣམས་སྐྱིད་པའི་ཕ་སར་སློབ་ལ་འབད།།
ལྷ་དང་བླ་མར་གསོལ་འདེབས་ཡང་ཡང་བྱེད།།
འུ་ཅག་ཕན་ཚུན་མྱུར་དུ་འཕྲད་པར་ཤོག།

 

 

རྩོམ་པ་པོ། པདྨ་རྒྱལ་མཚན་དོལ་པོ།
སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་།