ཤོན།

Photo by: Pema Angchug

ཉི་མ་ཞིག་ཤར་ནས་ཤར་བྱུང་།།
ཤར་བའི་དྲོ་འཇམ་ཉི་མ།།
ཉི་མའི་འོད་ཟེར་ལྷུན་པོ།།
གནས་ཆེན་གྱི་དབུ་ནས་ཤར།།
ཏི་སེ་ཡི་དབུ་ནས་ཤར།།
དགའ་བའི་ནམ་ཞིག་ལངས།།
སྐྱིད་པའི་ཉི་མ་ཤར།།
འདིར་བཞུགས་ཀྱི་བཞུགས་བྲལ་ཆེན་མོ།།
ངས་གསོལ་མཆོད་ཀྱི་མཆོད་པ་རེ་འབུལ།།
འུ་རང་གཞོན་གྲོགས་འཛོམས་པོ།།
ངས་གླུ་གར་གྱི་མཆོད་པ་རེ་འབུལ།
བཀྲ་ལ་ཤིས་པར་ཤོག།
གཡང་ལ་ཆགས་པར་ཤོག།
ཟླ་བ་ཞིག་ཚེས་ནི་ཚེས་བྱུང་།།
ཚེས་ཆེན་ལ་བཅོ་ལྔའི་ཟླ་བ།།
ཟླ་བའི་འོད་ཟེར་གྱི་ལྷུན་པོ།།
ངའི་གནས་ཆེན་གྱི་དབུ་ནས་གསལ།།
གངས་དཀར་གྱི་དབུ་ནས་གསལ།།
དགའ་བའི་ནམ་ཞིག་ལངས།།
སྐྱིད་པའི་ཉི་མ་ཤར།།
འདིར་བཞུགས་ཀྱི་བཞུགས་གྲལ་ཆེན་མོ།།
ངས་གསོལ་མཆོད་ཀྱི་མཆོད་པ་རེ་འབུལ།།
འུ་རང་གཞོན་གྲོགས་འཛོམས་པོ།།
ངས་གླུ་གར་གྱི་མཆོད་པ་རེ་འབུལ།།
ལྡུམ་ར་ཉི་མ་དྲོ་བྱུང་།།
མེ་ཏོག་འཚར་སྟོབས་བཟང་བྱུང་།།
གྲང་ཆར་འདི་རུ་མི་འབབ།།
གང་དུ་འབབ་རྒྱུ་ཞུས་པོ།།
ཟིལ་བ་འདི་རུ་མི་འབབ།།
གང་དུ་འབབ་རྒྱུ་ཞུས་པོ།།
འདིར་བཞུགས་ཀྱི་བཞུགས་གྲལ་ཆེན་མོ།།
ངས་གསོལ་མཆོད་ཀྱི་མཆོད་པ་རེ་འབུལ།།
འུ་རང་གཞོན་གྲོགས་འཛོམས་པོ།།
ངས་གླུ་གར་གྱི་མཆོད་པ་རེ་འབུལ།།
Photo by: Pema Angchug
ཤོན་ནི་དོལ་པོར་གཉེན་སྒྲིག་སྐབས་འཁྲབ་སྲོལ་ཡོད་པའི་གླུ་གཞས་ཤིག གླུ་རྣམ་གྲངས་ཁ་ཤས་ཀྱང་ཡོད་པར་མངོན། ས་ཁུལ་མང་པོར་གླུ་གཞས་འདི་དར་ཁྱབ་མེད་ལ། དར་ཁྱབ་ཡོད་སའི་ས་གནས་ཁག་ཏུའང་རྒན་གྲས་ཚོ་ལས་གཞོན་སྐྱེས་ཤེས་མཁན་ཉུང་ཚོད། གླུ་ཚིག་འདི་བདག་གིས་སྤྱི་ལོ་ 2017 ལོར་བན་ཚང་ཕྱོགས་ལ་གཉེན་སྒྲིག་སྐོར་གླུ་གཞས་ཡིག་ཆ་དང་ངག་རྒྱུན་རྒྱུས་ལོན་ཆེད་བསྐྱོད་སྐབས་ཏིང་ཀྱུ་མཁར་སྨད་རྣམ་རྒྱལ་གྱིས་ངག་རྒྱུན་ལྟར་སྒྲ་ཕབ་ཞུས། པདྨ་དགོས་འབྱོར། སྤྱི་ལོ་ 2020 ཟླ་ 4 ཚེས་ 9 ཉིན།