ང་དགུའི་རྗེས་ཀྱི་ཧི་མ་ལ་ཡའི་རིག་གནས་ཀྱི་མཁའ་དབུགས་གླེང་བ།

སྤྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་ནས་བོད་ཀྱི་བླ་ཆེན་ཁག་གིས་གཙོས་བོད་མི་མང་དག་ཅིག་ཕྱིའི་ཡུལ་གྲུ་ཁག་ལ་བྲོས་བྱོལ་དུ་ཕེབས་དགོས་པའི་གནས་སྟངས་གཉན་འཕྲང་ཞིག་ཏུ་གྱུར། འོན་ཀྱང་རིས་མེད་ཆོས་སྡེ་ཁག་གི་བླ་ཆེན་ཚོས་ཐུགས་ཞུམ་པ་མེད་པའི་སྒོ་ནས་སོ་སོའི་ཆོས་བརྒྱུད་ཀྱི་བཤད་སྒྲུབ་བསྟི་གནས་འཛུགས་སྐྲུན་སླད་སྐུ་ངལ་ཁྱད་གསོད་ཀྱིས་རིམ་པས་བཤད་སྒྲུབ་འཆད་ཉན་གྱི་སྡེ་ཁག་ཚ་ཚ་འུར་འུར་གྱིས་རྒྱ་བལ་འབྲུག་གསུམ་གཙོས་ས་ཁུལ་མང་པོར་གསར་བཞེངས་ཀྱི་ལས་འགོ་བརྩམས་ཡོད། དུས་སྐབས་དེར་བླ་ཆེན་ཚོར་མཚོན་ན་ཉིན་རེའི་བཞེས་ལག་ཙམ་ཡང་འདོད་བློ་ཁེངས་པ་ཞིག་མེད་རུང་བསྟན་པ་སྤྱི་དང་བྱེ་བྲག་ཐུགས་ལ་བཅངས་ཏེ་ཞུམ་པ་མེད་པའི་སྒོ་ནས་འགྱེལ་ས་ནས་ལངས་ཐུབ་པ་མཛད་ཡོད་པའི་རྣམ་པ་ནི་མཐའ་སྐོར་ཡུལ་མི་ཚོའི་ངག་ལམ་ན་གྲགས་ནས་མཆིས་མོད། བསྟན་པ་སྤྱི་དང་བྱེ་བྲག་ལ་བསམས་ན་བླ་ཆེན་ཚོས་ཞུམ་པ་མེད་པའི་ཐུགས་སྤོབས་ཀྱིས་ཕྱིའི་གཙུག་ལག་ཁང་དང་ནང་གི་དད་ལྡན་སློབ་ཚོགས་རིས་དང་མཚམས་མེད་པར་སྐྱེད་སྲིང་མཛད་པའི་བཀའ་དྲིན་ནི་གསེར་སྲང་སྟོང་གིས་ནམ་ཡང་འཇལ་ནུས་དབེན་པའི་བཀའ་དྲིན་གྱི་ཕུང་པོ་ཉག་གཅིག་ཏུ་སེམས།

༡༩༥༩ ལོའི་སྔོན་གྱི་ཧི་མ་ལ་ཡའི་ས་ཁུལ་ན་རིག་གནས་ཀྱི་གནས་བབས།

དེ་ལ་ཧི་མ་ལ་ཡའི་དོན་དེ་གཙོ་བོ་གངས་རིའི་ལྗོངས་ལྟ་བུ་ཞིག་ལ་གོ་བའང་ཡོད། འོན་ཀྱང་། སྒྲ་འཇུག་ཡུལ་གྱི་དབང་དུ་བྱས་ན་རྒྱ་གར་གྱི་མངའ་ཁུངས་མོན་རྟ་དབང་། ལ་དྭགས། འཇམ་མུ། ཀ་ཤི་སྨྲི། འབྲས་ལྗོངས་དང་། དེ་བཞིན་བལ་ཡུལ་ལ་མཚོན་ན་ཧི་མ་ལ་ཡ། རི་པ། རོང་པ་བཅས་རྒྱལ་ཁབ་ཧྲིལ་པོ་སྡེ་ཚན་གསུམ་དུ་དབྱེར་ཡོད་པ་ལས་ཧི་མ་ལ་ཡ་ནི་བལ་ཡུལ་གྱི་མཐའ་མཚམས་སུ་གཏོགས། རྒྱ་བལ་གཉིས་ཀྱི་ཁྱིམ་མཚེས་འབྲུག་གི་རྒྱལ་ཁབ་ཀྱང་ཧི་མ་ལ་ཡའི་ས་ཁུལ་ཡིན། དེའི་ནང་ནས་གཙོ་ཆེ་བ་རྒྱ་གར་དང་བལ་ཡུལ་གྱི་ཧི་མ་ལ་ཡའི་ས་ཁུལ་ཁག་གཉིས་ལ་མཚོན་ན་བོད་ལ་དུས་འགྱུར་མ་བྱུང་སྔོན་གྱི་དུས་ཚོད་ནང་གནའ་རབས་ཀྱི་རིག་གནས་དང་དེང་རབས་ཀྱི་རིག་གནས་གང་ལའང་རང་སྐྱ་འཕེར་མཁན་ཕར་བཞག་རགས་རིམ་ཙམ་ཤེས་རྟོགས་ཅན་ཡང་ཤིན་ཏུ་ཉུང་ཚོད། བལ་ཡུལ་མངའ་ཁོངས་ཧི་མ་ལ་ཡའི་ས་ཁུལ་གྱི་ཡུལ་མི་དག་ལ་མཚོན་ན་སྐབས་དེ་དུས་ནི་དེང་སྐབས་རྒྱལ་སྤྱིའི་ནང་གདོད་མའི་མི་རིགས་ཟེར་བའི་སྐོར་ལ་གླེང་སློང་མང་པོ་ཞིག་བྱེད་སའི་གདོད་མའི་མི་རིགས་དག་གི་མཇུག་མཐུད་དམ་གདོད་མའི་མི་རིགས་ཀྱི་ངོ་གདོང་གསོན་པོའི་ཚབ་མཚོན་ཞིག་ཀྱང་ཡིན་སྐད།

སྤྱིར་ན་འདས་པའི་ལོ་རྒྱུས་ནང་བལ་ཡུལ་དང་རྒྱ་གར་མངའ་ཁོངས་ཧི་མ་ལ་ཡའི་ས་ཁུལ་གང་ས་ནས་བོད་ལ་ནང་བསྟན་རིག་གནས་སློབ་སྦྱོང་བྱེད་དུ་འགྲོ་མྱོང་བའི་སྐོར་ལ་ཕྱོགས་སོ་སོ་ན་ལོ་རྒྱུས་ཡིག་ཆ་ཡོད་ཚོད་འདུག་ཅིང་། བླ་མ་སྐྱེས་བུ་དམ་པ་ཚོའི་རྣམ་ཐར་ལས་ཀྱང་གསལ་ལ་མི་སྣ་རྒན་པའི་ངག་རྒྱུན་ལའང་དུས་ད་ལྟ་བར་དུ་འཇགས་འདུག འོན་ཀྱང་། བར་སྐབས་ཤིག་བོད་ལ་སློབ་སྦྱོང་བྱེད་དུ་འགྲོ་བའི་རྒྱུན་ཆད། ས་གནས་སོ་སོའི་ནང་ཤེས་རིག་གི་བསྟི་གནས་ཀྱང་འཛུགས་སྐྲུན་མེད་པ་བཅས་ལོ་མང་རིང་ཡི་གེ་དཀར་ནག་ཤེས་ཙམ་དང་། གྲོང་ཆོག་བྱེད་ཐུབ་ཙམ་དག་ལ་ཤེས་ལྡན་དུ་བརྩི་བའི་ལམ་ལུགས་ཤིག་དར་ཡོད་ལ་ངའི་ཕ་ཡུལ་ལྟ་བུར་ཡིན་ནའང་ལྟ་ཚུལ་དེ་དང་འབྲེལ་བའི་སྐད་ཆ་ད་དུང་ཡང་ཐོས་རྒྱུ་ཡོད། སྤྱི་ཚོགས་ནང་གི་ཤེས་ལྡན་པ་ངོས་འཛིན་བྱེད་སྟངས་དེས་དུས་སྐབས་དེའི་རིག་གནས་ཀྱི་གནས་བབས་ནི་ཟུར་བལྟས་ལེབ་མཐོང་གི་དཔེ་ལྟར་དུ་གྱུར་ཡོད།

དེང་གི་བལ་ཁོངས་ཧི་མ་ལ་ཡའི་ས་ཁུལ་ཁག་གི་གནས་བབས་ལ་རོབ་ཙམ་བལྟས་པའི་མཐོང་ཐོས་གཞི་བཅོལ་གྱི་ཐད་ནས་གླེང་ན་བོད་ལ་དུས་འགྱུར་མ་བྱུང་སྔོན་གྱི་བལ་ཡུལ་ཧི་མ་ལ་ཡའི་མི་རིགས་ནི་ཡི་གེ་དཀར་ནག་འབྲི་ཀློག་རགས་རིམ་ཤེས་མཁན་དག་ལ་ཆེ་མཐོང་དང་ཤེས་ལྡན་པའི་གྲལ་དུ་འཇོག་པའི་གཅིག་གྱུར་གྱི་གནས་སྟངས་ཅན་ཡིན་པ་ངོས་འཛིན་ཐུབ། དུས་སྐབས་དེར་ས་གནས་སྲིད་གཞུང་གིས་མང་ཚོགས་ལ་ཤེས་རིག་གི་བསྟི་གནས་སོགས་གང་ཡང་འཛུགས་སྐྲུན་བྱེད་ཐུབ་མེད་ལ་དེང་སྐབས་བཞིན་ཕྱི་རྒྱལ་རོགས་ཚོགས་ཁག་འཚང་ཁ་ཤིག་ཤིག་ཅན་དེ་ཡང་མེད་པར་འདོད། འདས་པའི་ལོ་རྒྱུས་ནང་ཧི་མ་ལ་ཡའི་ས་ཁུལ་གང་སར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མང་པོ་བྱོན་མྱོང་བའི་སྐོར་ལོ་རྒྱུས་དེབ་ཐེར་ཁག་ན་གསལ་ཡང་དུས་རབས་བཅུ་དགུ་དང་ཉི་ཤུའི་ནང་ལ་གྲུབ་པའི་དབང་པོ་མང་ཙམ་བྱོན་མྱོང་བའི་དབང་དུ་བཏང་ཡང་མཁས་པའི་དབང་པོ་ནི་དེ་ཙམ་བྱོན་མ་ཐུབ་པར་གསལ། དུས་རབས་བརྒྱད་པའི་ནང་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་བཙུན་མོར་བཞེས་ནས་བཟུང་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡུན་རིང་པོར་གནས་ཡོད།

བལ་ཡུལ་ནི་ལོ་རྒྱུས་ནང་བོད་དང་འབྲེལ་བ་ཅན་གྱི་རྒྱལ་ཁབ་ཐོག་མའི་གྲས་གཅིག་ཡིན་པའང་ངོས་འཛིན་བྱེད་ཐུབ་ལ་གཙོ་བོ་བོད་དང་ས་འབྲེལ་ཡོད་པའི་དབང་གིས་འབྲེལ་བ་བྱུང་བའང་ཟུར་བལྟས་ལེབ་མཐོང་ལྟར་རོ། །བལ་ཡུལ་མངའ་ཁོངས་ཧི་མ་ལ་ཡའི་མི་རིགས་ས་ཁུལ་དག་ནི་བོད་དང་ས་འབྲེལ་ཅན་མང་བས་འཚོ་ཐབས་ཆེད་དུའང་ཕྱོགས་ཕན་ཚུན་དབར་ལ་འབྲེལ་ལམ་བཟང་པོ་སོགས་དུས་ད་ལྟའི་བར་དུའང་མངོན། དུས་སྐབས་དེར་ཧི་མ་ལ་ཡའི་ས་ཁུལ་སོ་སོའི་ནང་གཞུང་ལུགས་འཆད་མཁན་སོགས་དཀོན་པས་བོད་ཀྱི་བླ་ཆེན་གོང་མ་ཚོའི་ཞབས་ལ་གཏུག་མཁན་ཕྱོགས་གང་ས་ནས་བྱུང་མྱོང་བ་ཡིན་ལ་དེའི་འོག་ཧི་མ་ལ་ཡའི་ས་ཁུལ་ཁག་ཏུ་འདས་པའི་ཆར་གྲུབ་པའི་གོ་འཕང་ས་མཐོར་བསྙེགས་པའི་བླ་མ་ཡང་མི་ཉུང་བ་ཞིག་བྱུང་ཡོད།

བལ་ཡུལ་ཧི་མ་ལ་ཡའི་མི་རིགས་རྣམས་སྤྱི་ལོ་ ༡༩༦༤ ཙམ་ནས་ཐོག་མར་སློབ་གྲྭར་འགྲིམས་པའི་འགོ་ཚུགས་པ་ལྟ་བུའི་བདེན་དཔང་གི་ལོ་རྒྱུས་རྒན་པ་ཚོའི་ངག་རྒྱུན་ན་མཆིས། ༡༩༥༩ ལོར་བོད་ལ་འཕྲད་པའི་དོན་རྐྱེན་གྱིས་ཧི་མ་ལ་ཡའི་མི་རིགས་ལ་རིག་གནས་ཀྱི་མཁའ་དབུགས་གསར་པ་ཞིག་བྱིན་ཡོད། བལ་ཡུལ་ཧི་མ་ལ་ཡའི་ས་ཁུལ་གྱི་ཡུལ་མི་རྣམས་སློབ་གྲྭར་འགྲིམས་འགོ་ག་དུས་བཙུགས་མིན་ཐད་ལ་གོང་སྨྲས་ལྟར་རེད་ལ་རྒྱ་གར་མངའ་ཁོངས་ཧི་མ་ལ་ཡའི་ས་ཁུལ་མོན་རྟ་དབང་ལྟ་བུར་མཚོན་ནའང་རིག་གནས་སྦྱོང་བའི་འགོ་བརྩམས་ནས་དུས་ཡུན་རིང་པོ་སོང་མེད་པ་ས་ཁུལ་དེ་ན་རིག་གནས་ཆུ་ཚད་ངེས་ཅན་དཀོན་པ་དེས་མཚོན་ནུས། དུས་འགྱུར་མ་བྱུང་སྔོན་ལ་རྒྱ་གར་དང་བལ་ཡུལ་གཉིས་ན་དགོན་སྡེའི་གྲངས་ཧ་ཅང་ཉུང་ངུ་ལས་མེད་པར་གསལ། དེས་ན་དེང་གི་བཤད་སྒྲུབ་བསྟི་གནས་དགོན་སྡེ་ཁག་མང་ཆེ་བ་ང་དགུའི་དོན་རྐྱེན་གྱི་རྗེས་ལ་གསར་བཞེངས་གནང་བ་ཁོ་ན་རེད།

དགོན་སྡེ་ཁག་ཏུ་བོད་པ་ཙམ་མིན་པར་འཛམ་གླིང་ཤར་ནུབ་གང་ས་ནས་ནང་བསྟན་རིག་གནས་ལ་དོན་གཉེར་ཅན་ཡོངས་རྫོགས་ལ་སློབ་སྦྱོང་བྱེད་སའི་ས་མིག་བསྐྲུན་ནས་ཧི་མ་ལ་ཡའི་མི་རིགས་ལ་རིག་གནས་ཀྱི་མཁའ་དབུགས་གསར་པ་ཞིག་བྱིན་ཡོད། དེང་སྐབས་གདན་ས་སེར་འབྲས་དགའ་གསུམ་གཙོས་ཆོས་བརྒྱུད་ཁག་གི་དགོན་སྡེ་མང་ཆེ་བའི་ནང་སློབ་གཉེར་བའི་གྲངས་བརྒྱ་ཆ་བཞི་བཅུ་ཙམ་ཧི་མ་ལ་ཡའི་མི་རིགས་ཀྱིས་བཟུང་ཡོད། བལ་ཡུལ་མངའ་ཁོངས་ཧི་མ་ལ་ཡའི་ས་ཁུལ་ལ་མཚོན་ན་རིག་གནས་ཅན་གྱི་བརྒྱ་ཆ་མང་ཆེ་བ་བླ་སྤྲུལ་གྱིས་བཟུང་ཡོད་ལ་བླ་སྤྲུལ་དེ་དག་རྒྱ་བལ་འབྲུག་གསུམ་ན་ཡོད་པའི་དགོན་སྡེ་ཁག་གིས་སྐྱེད་སྲིང་བྱས་པ་ཤ་སྟག་རེད། དགོན་སྡེ་ཁག་ནི་ཆོས་བརྒྱུད་སོ་སོའི་བླ་ཆེན་གྱི་ཐུགས་བརྩེའི་ཉེར་ལེན་ལས་གྲུབ་པ་ཡིན་སྟབས་བོད་ཀྱི་བླ་ཆེན་ཚོས་ཧི་མ་ལ་ཡའི་མི་རིགས་ལ་ཤེས་རིག་གི་སྒོ་གསར་དུ་ཕྱེ་ཡོད་པ་དེ་ཧི་མ་ལ་ཡའི་མི་རིགས་དག་ལ་དུས་རབས་ཤིག་གི་ཀྱོག་མཚམས་དེར་ལོ་རྒྱུས་ཀྱི་ཟིན་ཐོ་གལ་ཆེན་ཞིག་ཡིན། ཧི་མ་ལ་ཡའི་མི་རིགས་དག་ལ་མཚོན་ན་ལོ་རབས་ཉི་ཤུའི་སྔོན་ཙམ་ནས་རིག་གནས་ལ་དོ་སྣང་སླེབ་འགོ་ཚུགས་ཡོད། དེའི་ཤུགས་རྐྱེན་དེ་སློབ་གྲྭའི་སློབ་ཐོན་པ་རྣམས་ལས་བྱུང་བ་མིན་པར་དགོན་སྡེ་གྲྭ་ཚང་ཁག་གི་བླ་སྤྲུལ་མཁན་སློབ་དགེ་བཤེས་དང་གྲྭ་བཙུན་ཟུར་པ་དག་གིས་བཟོས་ཡོད།

ང་ཚོས་ལས་སླ་པོའི་ཐོག་ནས་རྟོགས་ཐུབ་པ་ཞིག་ལ་ཧི་མ་ལ་ཡའི་ས་ཁུལ་མང་པོ་ཞིག་གི་ནང་སྤྱི་ཚོགས་ལས་དོན་གལ་ཆེ་ཆུང་བརྒྱ་ཆ་དོན་ལྔ་གྲྭ་བཙུན་དག་གིས་བཟུང་ཡོད་པ་དེ་ཡིན། དེང་སྐབས་ཧི་མ་ལ་ཡའི་མི་རིགས་མང་པོ་ཞིག་རང་སྐྱ་འཕེར་བའི་ཤེས་ཡོན་ཅན་ནི་དགོན་སྡེ་གྲྭ་ཚང་ཁག་གིས་སྐྱེད་སྲིང་བྱས་འདུག་པ་དེ་མི་རིགས་ཤིག་གི་གནས་བབས་ཀྱི་ངོས་ནས་བལྟས་ན་བྱིས་པ་སྣབས་འཛར་རང་ངོ་མི་ངོ་ཤེས་ཙམ་ཞིག་དར་མའི་ན་ཚོད་ཅན་དུ་གསོ་སྐྱོང་བྱས་པ་དང་མཚུངས། ཡང་ཕྱོགས་གཞན་ཞིག་ནས་གླེང་ན་ལོ་རབས་བཅུ་ཕྲག་གསུམ་ཙམ་ཡར་སྔོན་གྱི་ཧི་མ་ལ་ཡའི་མི་རིགས་རྣམས་ནང་ཁུལ་ཕན་ཚུན་གཅིག་གིས་གཅིག་ལ་འགྲན་རྩོད་བྱེད་པ་ཙམ་ལས་འཛམ་གླིང་རྒྱལ་ཕྱི་ནང་གི་གནས་ཚུལ་ཤེས་རྟོགས་ཅན་ཉུང་བས་སྡོད་ཁང་ཡིན་ནའང་སོ་སོའི་སྡོད་ཁང་ཆེ་ཤོས་རྫིག་ཤོས། ཡུལ་ལུང་ཡང་སོ་སོའི་སྐྱེས་ཡུལ་དེ་ལས་ལྷག་པ་མེད་པར་འདོད་པ་དེ་ནི་ཁྲོན་པའི་སྦལ་པས་ནམ་མཁའ་ཚད་ཐིག་འཇལ་སྟངས་ཀྱི་གཏམ་རྒྱུད་དང་མཚུངས།

བལ་ཡུལ་གྱི་རྩོམ་པ་པོ་ཛྷམཀགྷིམིརེས་བཤད་དོན་ལ། མོ་སྔོན་མ་ཁྱིམ་མཚེས་དང་རྒྱལ་ཁབ་གཞན་གྱི་སྡོད་ཁང་མཐོང་མ་མྱོང་བའི་དུས་སྐབས་དེར་མོས་ཁོང་ཚོ་ནང་མིའི་སྡོད་ཁྱིམ་དེ་ཆེ་ཤོས་ཡིན་སྣང་འཆར་ཡང་རྗེས་ལ་དེ་ལྟར་རེད་མི་འདུག་ཅེས་པ་དེས་ང་ཚོས་རང་ཉིད་ཀྱི་ཕྱི་ནང་མ་གཏོགས་ཤེས་རྟོགས་མེད་པ་མཚོན་ཐུབ། བལ་ཡུལ་མངའ་ཁོངས་ཧི་མ་ལ་ཡའི་ས་ཁུལ་ཁག་གི་ནང་སློབ་གྲྭའི་ཤེས་རིག་བརྒྱུད་རིམ་ནས་འཆར་འགོད་པ་དང་རབ་འབྱམས་པ་ཐོན་པ་ཧ་ཅང་ཉུང་ངུ་ལས་མེད་པ་དེས་དེང་རབས་རིག་གནས་ཀྱི་གནས་བབས་ཇི་ཙམ་བཟུང་ཡོད་མེད་ཐད་དོན་དངོས་ཀྱི་རྣམ་པ་ངོ་མ་དེ་གསལ་པོ་རྟོགས་ཐུབ་པ་བྱུང་ཡོད། ཕྱོགས་གཞན་ཞིག་ནས་གླེང་ན་ཧི་མ་ལ་ཡའི་ས་ཁུལ་མང་ཆེ་སའི་གཏམ་དཔེར། འབྲོས་མཁན་བྱུང་ན་འབེབས་མཁན་དང་། འབེབས་མཁན་བྱུང་ན་འབྲོས་མཁན་ཟེར་བ་ལྟར་དཔུང་ཡོད་ཚོས་དཔུང་གི་ནུས་ཤུགས་ཡོད་པ་དང་། འབྱོར་ལྡན་ཚོས་དཔལ་འབྱོར་ནུས་སྟོབས་ཀྱིས་གཉའ་གནོན་དང་མངའ་འོག་ཏུ་བསྡུ་བའི་ཐབས་ལམ་གདོད་མའི་མི་རིགས་ཀྱི་གོམས་གཤིས་ལྡན་འདུག་པ་དེས་སྤྱི་ཚོགས་ཧྲིལ་པོའི་རིག་གནས་ཀྱི་གནས་བབས་ཞན་པོ་ཡིན་པ་རྟོགས་ཐུབ།

མདོར་ན་ཤེས་ལྡན་པའི་གྲལ་རིམ་ཅན་ཉུང་ངུ་ཙམ་ཡོད༌པ་དེ་བླ་སྤྲུལ་གྱི་གྲས་ཡིན་པ་དང་། རྒྱལ་ཕྱི་ནང་གི་སློབ་གྲྭ་ན་སློབ་ཕྲུག་ཕོ་མོ་གང་འཚམས་ཡོད་པ་དག་ཀྱང་བླ་སྤྲུལ་གྲྭ་བཙུན་ཚོས་ཤུགས་རྐྱེན་ཐེབས་པ་མང་བར་མངོན། ཧི་མ་ལ་ཡའི་ས་ཁུལ་མང་པོའི་ནང་བཤད་སྒྲུབ་ཀྱི་བསྟི་གནས། སློབ་གྲྭ། སྨན་ཁང་སོགས་གཞི་རྩའི་དགོས་ངེས་ཅན་གྱི་ཆ་རྐྱེན་ཡང་གང་འཚམས་སྔོན་མེད་འཛུགས་སྐྲུན་གསར་པ་མཐོང་རྒྱུ་ཡོད་པ་དག་གི་ཁྲོད་ན་བརྒྱ་ཆ་ཕྱེད་ཙམ་དགོན་སྡེ་ཁག་གིས་སྐྱེད་སྲིང་བྱས་པའི་བླ་སྤྲུལ་ཚོའི་བྱས་རྗེས་ཡིན། མདོར་ན་ཧི་མ་ལ་ཡའི་ས་ཁུལ་མང་པོའི་ནང་སྤྱི་ཚོགས་ཀྱི་ལས་དོན་ཐད་ལ་ལག་སྔ་རྐྱོང་མཁན་དེ་གྲྭ་བཙུན་ཚོ་དང་གྲྭ་བཙུན་ཟུར་པ་རྣམས་ཡིན་པས་ཁོང་རྣམས་སྐྱེད་སྲིང་བྱེད་པོ་རིས་སུ་མ་ཆད་པའི་བོད་ཀྱི་བླ་ཆེན་ཁག་གི་བཀའ་དྲིན་ཉག་གཅིག་ཡིན་པས་དུས་རྟག་ཏུ་བརྗེད་མི་རུང་ངོ་།།

༡༩༥༩ ལོའི་དོན་རྐྱེན་གྱིས་ཧི་མ་ལ་ཡའི་མི་རིགས་ཕན་ཚུན་མཛའ་བརྩེའི་འདུ་ཤེས་གཏིང་ཟབ་ཏུ་ཕྱིན་ཡོད།

ཁྱིམ་ཚང་གི་ངོས་ནས་གླེང་ན་ཕན་ཚུན་ཟ་རེས་འཐུང་རེས་དང་སྐྱི་རེས་གཡར་རེས་སོགས་ཡོད་ན་འབྲེལ་བ་ཡག་པོ་ཡོད་པའི་བདེན་དཔང་ཡིན། མི་རིགས་བྱེ་བྲག་པ་དང་ཡུལ་ལུང་བྱེ་བྲག་ཕན་ཚུན་དབར་ལ་གཉེན་སྒྲིག་དང་ཉལ་བུ་བྱུང་བ་སོགས་འབྲེལ་ལམ་གང་འཚམས་ཡོད་རྟགས་ཤིག་ཏུ་སྣང་།

ང་དགུའི་དོན་རྐྱེན་གྱི་སྔོན་དུ་ཧི་མ་ལ་ཡའི་མི་རིགས་དག་ནི་གནའ་བོའི་སྲོལ་རྒྱུན་ལམ་ལུགས་འོག་འཚོ་སྡོད་བྱེད་པ་ཁོ་ན་ལས་སྤྱི་ཚོགས་གཞན་ལ་འགྲིམས་ནས་འཚོ་བ་སྐྱེལ་མཁན་རེ་ཟུང་ཡོད་སྲིད་པ་ཙམ་ཡིན་ཚོད། དེ་བཞིན་ཁྱིམ་མཚེས་ཡུལ་སྡེ་དང་འབྲེལ་འདྲིས་མེད་པའི་སྣང་བརྙན་ཡང་གསལ་པོར་རྟོགས་ཐུབ། འོན་ཀྱང་ང་དགུའི་དོན་རྐྱེན་རྗེས་ལ་ཧི་མ་ལ་ཡའི་མི་རིགས་རྣམས་འཛམ་གླིང་ཤར་ནུབ་གང་སར་མི་དང་འབྲེལ་འདྲིས་འགོ་ཚུགས་མོད། དེ་ནི་གཙོ་བོ་དགོན་སྡེ་ཁག་ལ་སློབ་སྦྱོང་བྱ་རྒྱུའི་གོ་སྐལ་ཐོབ་པའི་ཤུགས་རྐྱེན་དང་འབྲེལ་བ་གཏིང་ཟབ་ཡོད། སྤྱིར་ན་ང་དགུའི་དོན་རྐྱེན་དེའི་ཐད་ལ་བཟང་ངན་གཉིས་ཀའི་ཆ་ནས་གླེང་རྒྱུ་ཡོད་སྐོར་དཔྱོད་ལྡན་ཕོ་མོ་མང་པོས་གསུངས་པ་ཐོས་ལ་བོད་མི་རྣམས་ལ་མཚོན་ནའང་རིག་གནས་ཀྱི་མཁའ་དབུགས་གསར་པ། མི་རིགས་ཕན་ཚུན་དབར་ལ་སྔོན་མེད་འབྲེལ་ལམ་གསར་པ་སོགས་བགྲང་རིན་ཅན་གྱི་གསར་བརྗེ་གང་འཚམས་ཤིག་བྱུང་བ་མིག་ལྡན་ཀུན་ཀྱི་འདྲེན་བྱེེད་ཀྱི་སྤྱོད་ཡུལ་ན་མཆིས། ལོ་རབས་བཅུ་ཕྲག་བཞི་ལྔའི་ཡར་སྔོན་དུ་ཧི་མ་ལ་ཡའི་མི་རིགས་ཕན་ཚུན་དབར་ལ་གཉེན་སྒྲིག་བྱས་པ་ཤིན་ཏུ་ཉུང་།

སྡིངས་ཆ་གཅིག་གི་ནང་ས་གནས་འདྲ་མིན་གྱི་མི་འདུ་འཛོམས་ཀྱིས་ཁ་བརྡ་ཙམ་ཡང་བྱེད་མ་མྱོང་ཚོད། སྡེ་ཚན་བྱེ་བྲག་པའི་སྟངས་འཛིན་འོག་སྐྱིད་སྡུག་གི་གནས་ཚུལ་གླེང་རེས་བྱེད་བཞིན་འཁོར་ཡུག་གཅིག་གི་ནང་འཚར་ལོངས་བྱུང་བ་དེ་སྔར་མི་ཐོག་རྒན་པ་ཚོའི་ངག་རྒྱུན་ན་མ་མཆིས་ཀྱང་དེང་སྐབས་འཁོར་ཡུག་ངེས་མེད་སྣ་ཚོགས་པའི་ནང་འཚོ་སྡོད་བྱེད་བཞིན་པའི་གནས་སྟངས་དེ་ལོ་རྒྱུས་ནང་གི་ཟིན་ཐོ་གལ་ཆེན་ཞིག་ཅི་ལ་མིན། དེང་སྐབས་ཧི་མ་ལ་ཡའི་མི་རིགས་རྣམས་ཕན་ཚུན་དབར་ལ་གོ་རྟོགས་ཡོད་པ་ཙམ་མ་ཟད་མཉམ་ལས་བྱེད་པ་དང་། ཕན་ཚུན་གཉེན་སྒྲིག་པ། ཆེ་མཐོང་ལྡན་པའི་མི་སྣ་རྣམས་གོང་དུ་བཀུར་རེས། ངོས་གཞན་ཞིག་ནས་གླེང་ན་ཕན་ཚུན་བར་ལ་མིག་དཔེ་ལྟ་རེས་ཀྱིས་ཡར་རྒྱས་ཀྱི་གོམ་ཁ་མདུན་དུ་སྐྱོད་འགོ་འཛུགས་པ་སོགས་ཅི་ཡང་འདྲེན་བྱེད་ཀྱི་སྤྱོད་ཡུལ་ན་འདུག་པ་དེས་ཧི་མ་ལ་ཡའི་མི་རིགས་རྣམས་འཛམ་གླིང་མི་རིགས་གཞན་དང་དཔུང་པ་མཉམ་གཤིབ་ཀྱིས་གོམ་པ་སྤོ་འགོ་ཚུགས་ཡོད།

མཇུག་གི་རེ་བ་ཚིག་གསུམ། དེང་སྐབས་རྟགས་ཙམ་འཛིན་པའི་བསྟན་པའི་དུས་སྐབས་དེར་བལ་ཡུལ་མངའ་ཁོངས་ཧི་མ་ལ་ཡའི་ས་ཁུལ་ཁག་ལ་ཆོས་དང་རིག་གཞུང་། སྐད་ཡིག་དང་གོམས་སྲོལ་སོགས་ལ་ལྷད་ཞུགས་འགོ་ཚུགས་འདུག་པས་དེའི་ཐད་ལ་ས་ཁུལ་སོ་སོའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་པས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ངེས་པར་དུ་བྱེད་དགོས་པ་ཡིན། ཕྱིའི་མཐུན་རྐྱེན་ཡར་རྒྱས་ཁོ་ནར་བསམས་ན་གོང་སྨྲས་དེ་དག་གལ་མི་ཆེ་ཡང་། ཕྱིའི་མཐུན་རྐྱེན་ལ་རྔམ་དུས་ནང་གི་བདེ་སྐྱིད་ཀྱི་ལག་ཆ་རྣམས་ནམ་ཡང་སྣང་མེད་བྱེད་མི་ཉན་ཏེ། གནའ་སྲོལ་མང་པོ་ཞིག་སེམས་ཀྱི་སྨན་དུ་འགྱུར་བཞིན་ཡོད་འདུག་པས་ན་ངེས་པར་དུ་མི་ཉམས་གོང་འཕེལ་བྱ་རྒྱུ་གལ་མི་ཆེ་འམ། ཧི་མ་ལ་ཡའི་ས་ཁུལ་རེ་འགར་སྐྱ་ཆས་སྤྲས་ནས་གྲོང་ཆོག་བྱེད་པ་དང་། ཕ་མེས་ཀྱི་སྲོལ་ལུགས་ཡོད་ཚད་བརླགས་ནས་མིང་ཙམ་ལས་མི་རིགས་ཀྱི་ཐུན་མིན་ཆོས་རིག་གང་ལའང་གོ་རྟོགས་སོགས་མེད་པ་ཅན་ཡང་ཤིན་ཏུ་མང་། དེ་དག་ནི་མི་རིགས་སྤྱི་ཚོགས་ཤིག་ལ་མཚོན་ན་གྱོང་གུན་ཆེན་པོ་ཞིག་ཀྱང་ལོས་ཡིན་སྙམ། དེས་ན་ངས་འདིར་ཧི་མ་ལ་ཡའི་མི་རིགས་ཚོས་རང་གི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་དང་གོམས་སྲོལ་སོགས་ལ་ནམ་ཡང་སྣང་མེད་མ་བཞག་པར་གཅེས་འཛིན་གནང་རོགས་ཞེས་ཞུ་བ་དང་སྦྲགས་རིས་སུ་མ་མཆིས་པའི་བོད་ཀྱི་བླ་ཆེན་ཚོས་ཧི་མ་ལ་ཡའི་མི་རིགས་ལ་བྱིན་པའི་གསོན་ཤུགས་ལ་ང་ཚོས་ནམ་ཡང་རྗེས་དྲན་ཞུ།

པདྨ་དགོས་འབྱོར། (བལ་ཡུལ།)

 

སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་གི་དྲ་བ་ལས་དྲངས་པ་ཡིན།