ང་ཚོའི་སྐོར།

རྒྱ་ཆེ་བའི་ཀློག་པ་པོ་དང་རྩོམ་པ་པོ་རྣམས་ཀྱིས་ངེས་དགོས་རྒྱུར། དྲ་ཚིགས་འདི་འདྲ་ཞིག་བཟོ་དགོས་པའི་དམིགས་ཡུལ་ནི། དེང་སང་དྲ་བའི་དུས་རབས་འདིར་བྱ་དངོས་གསར་རྙིང་གང་ཡིན་རུང་དྲ་རྒྱ་དང་དང་མ་འབྲེལ་ན་དེང་རབས་ཅན་དུ་འགྱུར་མི་ཐུབ་པ་དང་། དྲ་བའི་བརྒྱུད་ལམ་དང་འབྲེལ་མཐུད་བྱུང་ཚེ་འཛམ་གླིང་ཤར་ནུབ་ཀྱི་གནས་ཚུལ་ཐམས་ཅད་སྐར་ཆ་གཅིག་གི་ནང་ལ་གོ་ལའི་འཁྱོན་ཡོངས་ལ་ཁྱབ་ཐུབ་པའི་ཁྱད་ཆོས་ཡོད། དེ་ལ་བརྟེན་ནས་མི་རིགས་སོ་སོའི་ཡུལ་སྲོལ་གོམ་གཤིས་ལ་རྒྱུས་མངའ་དང་གོ་རྟོགས་བླ་ལྷག་ཏུ་སོང་ནས་ལེགས་ཆ་ལེན་རེས་དང་། ཕན་ཚུན་བར་ལ་བརྩི་བཀུར་དང་འབྲེལ་ལམ་གོང་འཕེལ་དུ་འགྲོ་བའི་དགེ་མཚན་ཆེན་པོ་ཡོད་པ་ཡིན། དེ་བས་ན་དྲ་ཚིགས་འདི་ནས་དོལ་པོ་དང་འབྲེལ་བའི་ལོ་རྒྱུས་དང་ངོ་སྤྲོད། བརྙན་པར་སོགས་ཅི་རིགས་མཁོ་སྤྲོད་བྱེད་བཞིན་ཡོད་པས། ཁྱེད་ཅག་གིས་དོལ་པོའི་རིག་གཞུང་སྐོར་ལ་རྒྱུས་ལོན་དམིགས་གསལ་རེ་ཡོང་རེ་དང་། རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ་ལ་གནོད་སྐྱོན་བཟོ་བའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་དང་། སྤྱི་སྒེར་སྒང་རུང་ལ་ཕོག་ཐུག་ཚབས་ཆེན་འགྲོ་ངེས་མིན་ཕྱིན་རྣམ་པ་ཚོས་སྤུས་ཚད་ལོངས་པའི་རྩོམ་ཡིག་ག་ཚོད་གནང་ནའང་དགའ་བསུ་ཞུ་བཞིན་ཡོད། ལྷག་པར་དུ་རང་ཡུལ་དང་འབྲེལ་བའི་རྩོམ་ཡིག་དང་། གླུ་གཞས། པར་རིས་འདི་དག་གིས་རང་རིགས་དོལ་པོའི་སྤུན་མཆེད་རྣམས་རང་ཡུལ་ལ་དམིགས་བསལ་ཉེ་སྣང་བསྐྲུན་པ་དང་། ཕ་ཡུལ་དྲན་པའི་གདུང་བ་སེལ་ཐུབ་པའི་ཡིད་ཆེས་བྱེད་ཀྱིན་ཡོད། གནས་སྐབས་ཤིག་སྟངས་འཛིན་བྱེད་བདེ་བའི་ཆེད་དུ་དམིགས་ནས་རྩོམ་ཡིག་རྣམས་རྩོམ་སྒྲིག་པའི་བརྒྱུད་ནས་མ་གཏོགས་མི་གཞན་གྱིས་འགོད་མི་ཐུབ་པ་བཟོས་ཡོད་སྟབས་རྩོམ་ཡིག་རྣམས་གཤམ་གསལ་ཡིག་ཟམ་བརྒྱུད་ནས་བསྐུར་རོགས་ཞུ།།

རྩོམ་ཡིག་བསྐུར་ཡུལ། dolpoculture@gmail.com

དོལ་པོ་རིག་མཛོད་དྲ་བའི་སྦྱིན་བདག