ཕོ་ཆས།

ཆེས་གནའ་བོའི་མེས་པོ་རྣམས་ཀྱིས་དང་ཐོག་ལུས་ཕུང་ལ་ཚ་གྲང་ཆར་ལྷགས་སོགས་རང་བྱུང་ཁམས་ཀྱི་གནོད་འཚེ་འགོག་ཆེད་དུ་བཅོས་པ་ནི་ས་སྒང་གི་མི་རིགས་ཐམས་ཅད་གཅིག་མཚུངས་ཡིན། དེ་ནས་འཟུང་མུ་ཐུད་ནས་ད་བར་བསམ་བློ་གོང་འཕེལ་དང་ཐབས་ལམ་བརྙེད་རིམ་བཞིན་ཡུལ་དུས་གནས་སྐབས་ལ་བསྟུན་པའི་དགོས་མཁོ་དང་འཚམ་པའི་ལེགས་བཅོས་དང་། འཕོ་འགྱུར། མཛེས་བཀོད་སོགས་མཐའ་མེད་དུ་འཕེལ་བཞིན་པ་འདི་རེད།

ད་སྐབས་ང་ཚོས་དངོས་སུ་མཐོང་རྒྱུ་ཡོད་པ་ནི་གོ་ལའི་ཤར་ནུབ་ཀྱི་མི་རིགས་རྣམས་རང་རང་སོ་སོའི་གནའ་སྲོལ་གྱི་རྗེས་སུ་འབྲངས་པའི་གྱོན་ཆས་འདི་ཚོར། རྒྱུ་ཆ། བཟོ་ལྟ། ཁ་དོག་བཅས། གང་ཟག་ཕོ་མོ་དང་། མཐོ་རིམ་མི་སྣ། ཆོས་ལུགས་པ་སོགས་ལ་རྒྱུན་ལྡན་གྱི་སྐབས་དང་། དམིགས་བསལ་མཛད་སྒོ་དང་། གཟབ་ཕྱོར། ལས་གནས་ཀྱི་སྐབས། ལས་ཚན་གྱི་བསྒྲིགས་ཆས་སོགས་རྒྱུན་ལྡན་མིན་པའི་སྐབས་སོ་སོར་མི་འདྲ་བ་རེ་ཡོད་པ་བཞིན།

ཕྱོགས་དེ་མཚུངས་ང་ཚོ་མཐོ་སྒང་དོལ་པོའི་ཁུལ་གྱི་མི་རིགས་འདི་ལ་གྱོན་ཆས་ཀྱི་ཐད་ནས་དམིགས་བསལ་གཞན་ལས་ཁྱད་དུ་འཕགས་པ་ཡོད་པ་དག་གནའ་དུས་ཇི་བཞིན་མ་ཉམས་པར་ཡོད་པ་མ་ཟད། ད་སྐབས་གསར་སྐྱེས་ན་གཞོན་ཡོད་དོ་ཅོག་ཀྱང་ཨ་གསར་གཡམ་རྒྱུགས་ལ་མི་དགའ་ཞིང་། སྟབས་བདེ་དུས་བསྟུན་ཁོ་ན་ལ་གཙིགས་སུ་མི་འཛིན་པར་རང་གི་ཐུན་མིན་ཆས་གོས་ལ་དག་འདོད་ཆེན་པོའི་སྒོ་ནས་གྱོན་རྒྱུར་དགའ་ཞིང་། སྔར་ཡོད་ཉམས་མེད་སྟེང་དུས་བསྟུན་གྱི་རང་ལུགས་མཛེས་བཟོ་གསར་གཏོད་ཡང་བྱེད་དང་བྱེད་བཞིན་ཡོད་པ་འདིས། ང་ཚོ་དོལ་པོའི་ཆས་གོས་འདི་ལ་ཐུན་མིན་གྱི་མཛེས་ཁྱད་བློས་འདོར་མི་ཕོད་པ་ཞིག་ཡོད་པའང་དཔོགས་ཐུབ།

ང་ཚོ་མཐོ་སྒང་དོལ་པོ་ལ་མཚོན་ན་ཐུན་མིན་གནའ་སྲོལ་རྣམས་མ་ཉམས་པར་ཡོད་པ་ད་སྐབས་མིག་མཐོང་ལག་ཟིན་དུ་གྱུར་ཡོད་པ་དེ་རིགས་རིམ་བཞིན་རྒྱ་ཆེའི་མང་ཚོགས་ལ་ངོ་སྤྲོད་ཞུ་རྒྱུ་ཡིན་པའི་ནང་ནས་ད་ལམ་སྐབ་སུ་བབས་པ་གྱོན་གོས་སྐོར་མདོར་བསྡུས་ཤིག་གླེང་རྒྱུ་ཡིན།

དེ་ཡང་མཐོ་སྒང་དོལ་པོའི་གྱོན་གོས་ནི། རྒྱུ་འགོ་སྣམ། ལྤགས་པ། ཚ་རུ། འཇའ་ཙེ། བུ་དུང་། གོས་ཆེན། གྲུའུ་ཙི། རས་ཆ། ས་གནས་ཀྱི་སྐྱེས་མ་ཚོས་བཀལ་ཐགས་བྱས་པའི་དམིགས་བསལ་སྣམ་བུ་དང་། ཐེར་མ། སྤུ་ཕྲུག་སོགས་ཅི་རིགས་ལས་གྲུབ་ཅིང་། ལུས་ཀྱི་སྟོད་སྨད་བར་གསུམ་ལ་ཁེབས་རྒྱ་ཆེ་ཆུང་དང་བཟོ་རྣམ་གྱི་སྒོ་ནས་སྟོད་གོས། སྨད་གོས། ཕྱུ་པ། འབྱར་མ། སློག་པ། ཞྭ་མོ། ལྷམ། སྐ་རགས། ལྷམ་སྒྲོག་སོགས་ཡིན།

དབྱེ་བ་ནི། ཕོ་མོ་ཆོས་པ་གསུམ་མཐུན་མོང་དུ་གྱུར་པ་དང་རང་རང་གི་དམིགས་བསལ་འགའ་ཞིག རྒྱུན་ལྡན་དང་གཟབ་སྤྲོས། འུ་ཐུག་ཅི་ཐེབས་གང་ཐེབས། དུས་རབས་ཀྱི་གཞན་དབང་དུ་སོང་བ། ཅུང་ཟད་ལེགས་བཅོས་སུ་བཏང་བ་བཅས་ཡིན།  འོན་ཀྱང་འདི་ནས་མར་ངོ་སྤྲོད་སྐབས་ཕོ་མོ་ཆོས་པ་གསུམ་ཀའི་རྒྱུན་ལྡན་ཐུན་མོང་དུ་གྱུར་པ་དེ་དང་དམིགས་བསལ་དེ་གཉིས་ཀ་འདྲེས་མར་ངོ་སྤྲོད་བྱེད་རྒྱུ་ཡིན། འདིས་ཀློག་པ་པོ་རྣམས་ལ་དབུ་ཉོག་བཟོ་སྲིད་མོད། ཞིབ་ཏུ་ཀློག་ན་མི་བདེ་བ་དེ་ཙམ་མེད་འགྲོ་དྲན་གྱིན་ཡོད། ལྷག་མ་གཞན་རྣམས་རེ་རེ་ནས་སྟབས་བདེར་ངོ་སྤྲོད་བྱེད་རྒྱུ་ཡིན།

སྟོད་གོས་ནི་ལུས་ཀྱི་སྟོད་ལ་གྱོན་རྒྱུ་སྟེ། སྟོད་གོས་ཀྱི་མིང་ལ་ང་ཚོ་མཐོ་སྒང་དོལ་པོའི་སྐད་དུ། སྟོད་ཙེ། སྟོད་ཐུང་། ཤ་ཙེ། སྟོད་གོས་སོགས་ཟེར་བ་ཡིན། དམིགས་བསལ་འབུ་རས་ཀྱི་སྟོད་གོས་ལ་ཤན་འཇུད་ཟེར་ཞིང་། ནང་ལ་ཚ་རུ་དང་ལུག་པགས་སྦྱར་བའི་རིགས་ལ་སྟོད་སློག་ཟེར། ཕོ་མོ་གཉིས་ཀྱི་བཟོ་དབྱིབས་ལ་ཁྱད་པར་མེད། དབྱིབས་ནི་གཙོ་བོ་རྒྱ་བཟོ་དང་བོད་བཟོ་གཉིས་ཡིན། རྒྱ་བཟོ་ནི་གོང་བ་དང་ཕུ་དུང་སོགས་མཐའ་ཟུར་ཐམས་ཅད་དྲས་ཁ་གཙང་ཞིང་། ཨོལ་མདུད་དང་ཕྲག་གཡས་ཀྱི་ནང་ཁུག མཆན་འོག་བཅས་ཀྱི་ཐད་དུ་ཐེབ་ཅུ་འམ་སྒྲོག་གུ་རེ་རེ་ཡོད་པ། མཐའ་འདྲིལ་ཡོད་མེད་ཅི་རིགས་ཏེ་འདི་ལ་སྟོད་ཙེ་རྒྱ་གོང་ཅན་ནམ་རྒྱ་བཟོ་ཟེར། དེང་སང་བོད་བཟོ་ཡང་ཟེར་གྱིན་འདུག བོད་བཟོ་ནི་གོང་བ་མེད་པར་ཟླུམ་གོར་གྱི་ཚུལ་དུ་ཡོད་པ་ཧ་ལམ་ཟླ་གམ་གྱི་དབྱིབས་ཅན་དེ་དང་། ཡང་ན་གོང་བ་ཡོད་ཅིང་ཨོལ་མདུད་ཀྱི་ཐད་ནས་ཤར་རྒྱག་ལྟེ་བ་ལ་མ་ཐུག་བར་སྒྲོག་གུ་འམ་ཐེབ་ཅུ་ནར་མར་ཡོད་ལ། སྟ་ཟུར་གཉིས་ཀྱི་ཐད་ནས་ཁ་ཅུང་ཟད་དབྲལ་བ་དེ་ལ་བོད་བཟོ་ཟེར། གཞན་ཡང་བོད་བཟོ་ཟེར་བའི་མིང་འདོགས་སའི་སྟོད་གོས་དབྱིབས་མ་ངེས་པ་ཡང་ཁ་ཤས་ཡོད། འདི་དག་ཕུ་དུང་མེད་པའི་རིགས་ལ་ཁན་འབྱར་ཟེར་བ་ཡིན། དེ་རིགས་རྒྱུ་འབུ་རས་ལས་བཟོས་པ་ཡིན་ན་ཕུ་དུང་གི་ཁ་དམིགས་བསལ་ཆེན་པོ་དང་རིང་པོ་ཅན་ཡིན། སྐྱ་སེར་གཉིས་ཀའི་ཕྱུ་པ་དབྱིབས་དང་རྒྱུ་ཆའི་སྒོ་ནས་ཁྱད་པར་ཅི་ཡང་མེད། ཁ་དོག་སེར་མོ་པ་འམ་ཆོས་པ་རྣམས་དམར་སྨུག་སེར་གསུམ་ཤས་ཆེ་བ་ཙམ་ཡིན།

སྨད་གོས་ནི་ལུས་ཀྱི་སྨད་ལ་གྱོན་རྒྱུ་སྟེ། སྨད་གོས་ཀྱི་མིང་ལ་དོར་མ་དང་། སྨད་གོས། རྐང་རྣམ། མཛངས་ཁེབས་བཅས་ཟེར། དེང་སང་ཅོལ་ཆུང་གསར་བུ་ཚོ་གོས་ཐུང་ཡང་ཟེར་གྱིན་འདུག དབྱིབས་ལ་དམིགས་བསལ་ཕོ་མོ་གཉིས་ལ་དབྱེ་བ་ཧ་ཅང་ཆེན་པོ་ཡོད་མོད། རང་ས་རང་ས་ན་མོ་དོར་ལ་དབྱེ་བ་ཅུང་ཙམ་ཡོད་ལས། ཕོ་དོར་དམིགས་བསལ་དབྱེ་བ་གང་ཡང་མེད། རྒྱུན་གོས་དང་གཟབ་སྤྲོས་ལ་ཐུལ་ཁ་ཆེ་ཆུང་ཙམ་ཡོད།

ཕོ་དོར་གྱི་བཟོ་རྣམ་ནི་རང་རང་གི་སྐེད་པ་སྦོམ་ཕྲ་ལ་ལྟོས་ནས་གོང་བ་བཅོས་ཤིང་སྟ་ཟུར་གཡས་ཕྱོགས་སུ་སྒྲོག་མདུད་བཅིང་རྒྱུ་ཡོད་པ། རྐང་པ་གཉིས་ཐད་ཀར་བཙུད་ས་སྟབས་བདེ་ཅན། སྟོད་ནས་རིམ་པར་ཁ་ཅུང་ཙམ་དོག་ཏུ་ཕྱིན་པའི་རྣམ་པ་ཡོད་པ། ཕོངས་རྒྱབ་ནས་མདུན་གྱི་ལྟེ་བ་ལ་ཐུག་གི་བར་ཕྱི་ནང་ལྡབས་སྦྱར་དུ་ཡོད་པ་ཁ་རང་ཕྱེ་རང་རྒྱག་སྟབས་བདེ་ཅན་ཡོད། དེ་ལ་དོར་ཁ་ཟེར། འདི་ནི་གཤང་ཅི་གཏོང་བདེ་བའི་ཆེད་དུ་ཡིན། སྟ་ཟུར་གཡས་གཡོན་གཉིས་ཀྱི་ཐད་ནས་མདུན་ཕྱོགས་སུ་མཛུབ་གང་ཙམ་དབྲལ་བ་ལྟ་བུའི་ཁུང་བུ་རེ་ཡོད་པ་དེང་སང་གི་གློ་ཁུག་ལྟ་བུ་དེ་ལ་ཤིག་ཁུང་ཟེར་ཞིང་། འདི་ནི་སྦྱི་ཚོགས་རྙིང་པའི་མི་རྣམས་ལ་མེད་དུ་མི་རུང་བ་གལ་ཆེའི་རང་བཞིན་ཅན་ཞིག་ཡིན་སྟབས་དེང་སྐབས་ཀྱི་གསར་བུ་ཚོས་མཚར་འཛིན་བྱེད་པ་ལ་རིན་ཐང་ཅི་ཡང་མེད། ཕོ་དོར་འདི་ཡང་རྒྱུ་འབུ་རས་ལས་བཟོས་པ་ཡིན་ན་ལྷུག་ལྷུག་ཆེན་པོ་ཤ་ཏག་ཡོད། རྣམ་རས་དང་པགས་རིགས་ཀྱི་ཕྱི་ལ་རས་གཡོགས་ཅན་སོགས་ཚ་གྲང་གི་དུས་ལ་བསྟུན་ནས་ཡོད། སྤུ་ཕྲུག་ལས་བཟོས་པའི་དོར་མ་ཧ་ལམ་མེད། སྐྱ་སེར་གཉིས་ཀའི་དོར་མ་དབྱིབས་དང་རྒྱུ་ཆའི་སྒོ་ནས་ཁྱད་པར་ཅི་ཡང་མེད། ཁ་དོག་སེར་མོ་པ་འམ་ཆོས་པ་རྣམས་དམར་སྨུག་སེར་གསུམ་ཤས་ཆེ་བ་ཙམ་ཡིན།

མོ་དོར་ལ་དབྱེ་ན་ཤ་གོས་དང་། ཛར་ལྷུགས། འགགས་རོལ་བཅས་གསུམ་ཙམ་ཡོད། ཤ་གོས་ཀྱི་དབྱིབས་ནི་གོང་བ་དང་སྟ་ཟུར་གྱི་སྒྲོག་གུ་སོགས་ཕོ་དོར་ལྟར་ལ། མདུན་རྒྱབ་ཕྱི་ནང་གཉིས་སྦྲགས་ཅན་གྱི་དོར་ཁ་དེ་མེད། རྐང་པ་གཉིས་བཙུད་ས་ཐ་དད་དུ་ཡིན་པའི་དོར་ཁ་ལྟེབས་སུལ་ཅན་ཧ་ཅང་ཡངས་པ། བགྱོན་ཚར་པའི་རྗེས་སུ་ལྟེབས་སུལ་རྣམས་ཤིག་གེར་ཕྱུ་པའི་འོག་ནས་མངོན་གྱིན་ཡོད། རྐང་པ་བཙུད་སའི་དོར་ཁ་ཧ་ཅང་ཆེན་པོ་བཟོ་དགོས་པའི་རྒྱུ་མཚན་ནི། སྐྱེས་མ་རྣམས་ངོ་ཚ་འཛེམ་བག་ཆེ་བ་སོགས་གནད་དོན་མང་པོས་གཤང་ཅི་འདོར་སའི་དོར་ཁ་དང་རྐང་པ་བཙུད་སའི་དོར་ཁ་གཉིས་སྟབས་གཅིག་ཏུ་བྱས་པ་ཡིན། ཛར་ལྷུགས་ནི་བཟོ་དབྱིབས་བྱིངས་ཤ་གོས་ལྟར་ལ། རྐང་པ་བཙུད་སའི་དོར་ཁ་ཡངས་པོ་ཐ་དད་དུ་ཡོད་མོད། ཤ་གོས་ལྟར་ལྟེབས་སུལ་མེད། འདི་གཉིས་ཀ་དོར་རྟ་ཡོད་པ་ཡིན།

འགགས་རོལ་ནི་གོང་བ་དང་སྟ་ཟུར་གཡས་ཀྱི་སྒྲོག་མདུད་སོགས་གོང་ལྟར་ལ། ལྟེབས་སུལ་ཧ་ཅང་མང་པོ་གོང་བའི་འོག་ཏུ་བསྡུས་ཤིང་། དཀྱིལ་ན་དོར་རྟ་མེད་པས་རྐང་པ་རེ་རེ་ཐ་དད་དུ་བཙུད་མི་དགོས་པར་ཤར་རྒྱག་བགྱོན་ཆོག་པའི་སྨད་གཡོགས་བཟོ་རྣམ་དམིགས་བསལ་ཅན་ཞིག་ཡིན། འདི་ནི་དབྱར་དུས་སུ་སྐྱེས་མ་རྣམས་ལས་བྲེལ་སོགས་ཀྱི་སྐབས་སྨད་དུ་འདི་གཅིག་པུ་བགྱོན་ནས་ཕྱུ་བ་མེད་པར་དེའི་སྟེང་དུ་སྨད་དཀྲིས་སྟབས་བདེ་དཀྲིས་པས་ཆོག་པ་ཡང་བྱེད། སྐྱེས་མ་ཁ་ཅིག་སྐབས་འགར་དོར་མ་ཐུལ་ཁ་ཆེན་པོ་མིན་པ་དེ་འདྲ་གོན་གྱི་ཡོད་ཀྱང་། འབུ་རས་ཀྱི་དོར་མ་དང་པགས་རིགས་དང་ཚ་རུའི་ནང་མཚངས་ཅན་སོགས་ཧ་ལམ་གྱོན་སྲོལ་མེད།

ཕྱུ་བ་ནི་ལུས་པོ་ཁྱོན་ཡོངས་ལ་ཁེབས་ནུས་པའི་ཕྱི་གོས་ཤིག་ཏེ། ཕྱུ་པ་ལ་ཕོ་གོས་མོ་གོས་གཉིས་ཐ་དད་དུ་ཡོད་པ་མ་ཟད། བཟོ་ཁྱད་དང་རྣམ་གྲངས་ཀྱི་ཁྱད་པར་ང་ཧ་ཅང་ཆེན་པོ་ཡོད། སྤྱིར་ཕོ་ཕྱུ་འམ་ཕོ་གོས་ནི་ཐུལ་ཁ་ཆེ་ཞིང་ཕུ་དུང་གི་ཁ་ཆེ་ལ་ཡངས་ཤིང་རིང་བ་ཡིན། སྐྱེས་མ་རྣམས་ཀྱིས་བཏགས་པའི་རྣམ་བུ་དང་ཐེར་མའི་ཕྱུ་པ། སྤུ་ཕྲུག སློག་པ། འབྱར་མ་བཅས་ཡིན། སྤུ་ཕྲུག་འདི་ལ་རང་ཡུལ་གྱི་སྐྱེས་མས་བཏགས་པ་དང་གཞན་ཡུལ་ནས་ཐོན་པའི་སྤུ་ཕྲུག་གཉིས་ཡོད།   གཙོ་བོ་ཟབ་སྤྲོས་ཀྱི་སྐབས་སུ་བགྱོན་རྒྱུ་ཡིན།

སློག་པ་ལ་ལུག་སློག་དང་ར་སློག་ཚར་སློག་གཟིག་སློག་སྲམ་གློག་སོགས་ཡོད། གཙོ་བོ་དགུན་དུས་སུ་གོན་རྒྱུ་ཡིན། སློག་པའི་རིགས་གཏོགས་ལྷིག་གེའམ་ལྟིག་ཁྲབ་ཟེར་བ་པགས་པ་མཉེས་མའི་ཕྱི་པགས་པ་ཉེས་མའི་པ་ཏྲ་སོགས་རི་མོ་འདྲ་མིན་ཅན་ཞིག་ཀྱང་ཡོད། འབྱར་མ་ཞེས་རས་ཆ་ལས་བཟོས་པའི་ཕྱུ་པ་དེ་ནི་གཙོ་བོ་དབྱར་ཁ་དང་། ཡང་ན་ཕྱུ་པའི་ཕྱི་ལ་སྦྲགས་ནས་གོན་རྒྱུ་ཡིན། མཐོ་སྒང་དོལ་པོའི་སྐྱེས་པ་རྣམས་སོག་ལུགས་ཀྱི་ཕྱུ་པ་འདྲ་བོ་གོང་བ་ཀྲོང་ཀྲོང་ཅན་ཨོལ་མདུད་དང་ཕྲག་གཡས་ཀྱི་ནང་ཁུག་མཆན་ཁུང་བཅས་སུ་མཐེབ་ཅུ་ཡོད་པ་བོད་དང་འབྲས་ལྗོངས་ལ་དྭགས་སོགས་སུ་དར་ཁྱབ་ཆེན་པོ་ཅན་དེ་ཧ་ལམ་གྱོན་སྲོལ་མེད། ཤེལ་རི་མཆོག་སྤྲུལ་སྐུ་ཕྲེང་བཞི་པའི་སྐབས་ཞིག་ལ་ཁོང་གིས་ཤུགས་རྐྱེན་ལྟ་བུས་ཆོས་པ་ཁ་ཅིག་སྤུ་ཕྲུག་དང་ཐེར་མ་རྣམ་བུ་བཅས་ལས་བཟོས་པའི་སོག་ལུགས་ཀྱི་བཟོ་ལྟ་ཅན་ཕྱུ་པ་ཕུ་མེད་མདོ་རལ་ཅན་གྱི་སྟེང་མཐེབ་ཅུ་ནར་རྒྱག་ཏུ་ཡོད་པའི་སྟོད་འབོག་གྱོན་སྲོལ་འདི་ཅུང་ཙམ་དར་ཁྱབ་ཡོད། དེ་མིན་སྐྱ་སེར་གཉིས་ཀའི་ཕྱུ་པ་དབྱིབས་དང་རྒྱུ་ཆའི་སྒོ་ནས་ཁྱད་པར་ཅི་ཡང་མེད། ཁ་དོག་སེར་མོ་པ་འམ་ཆོས་པ་རྣམས་དམར་སྨུག་སེར་གསུམ་ཤས་ཆེ་བ་ཙམ་ཡིན།

མོ་ཕྱུ་འམ་མོ་གོས་ནི་ཐུལ་ཁ་ཆུང་ལ་ཕུ་དུང་ཆེ་ཆུང་གི་ཚད་ལག་པ་རིང་ཐུང་ལ་དཔགས་ནས་ཏག་ཏག་ཞིག་ཡོད། དེང་དུས་ཀྱི་སྐྱེས་མ་རྣམས་ནི་ཕལ་ཆེ་བ་ཕུ་མེད་གྱོན་བཞིན་ཡོད། འདིའི་བཟོ་དབྱིབས་ནི་གོང་བ་ཟླུམ་གོར་མཆན་ཁུང་གི་འོག་ན་སྒྲོག་མདུད་ཅན། ཐུ་བ་ཕྱི་ནང་གཉིས་ཅན་ཡིན། ཕུ་མེད་ལ་རྒྱ་བཟོ་བོད་བཟོ་གཉིས་ཡོད་ཡོད་ཅིང་།      གནའ་དུས་དོལ་པོའི་སྐྱེས་མ་རྣམས་རྒྱ་བཟོ་ཕུ་དུང་ཅན་གྱོན་སྲོལ་མེད་པ་མ་ཟད། ལྷག་པར་དུ་མདོ་རལ་ཞེས་སྨད་ཀྱི་ལོང་བུ་གཡས་གཡོན་གཉིས་ཀྱི་ཐད་མཐའ་ཟུར་ནས་ཁ་ཅུང་ཙམ་ཕྱེ་བ་མཛེས་ཆོས་དང་གོམ་པ་སྤོ་བདེ་བ་སོགས་ཁྱད་ཆོས་ཅན་དེ་གོན་རྒྱུ་ནི་ཉེས་དམིགས་ཡོད་ཚུལ་བཤད་ནས་སྐྱེས་མ་ཁ་ཅིག་བགྱོན་རྒྱུར་འཛེམ་བྱ་བྱེད་པ་བྱེད་པ་ཡང་མཐོང་།   སྐྱེས་མ་རྣམས་ཀྱི་ཕྱུ་པ་ཕུ་ཡོད་དང་ཕུ་མེད་སོགས་འདི་དག་སྤྱིར་ཕོ་གོས་མོ་གོས་གཉིས་སུ་དབྱེ་བའི་ནང་ནས་མོ་གོས་ཡིན་མོད།    འོན་ཀྱང་མོ་གོས་ཞེས་པའི་ཐ་སྙད་དེ་ཙམ་མི་འཇུག  མོ་གོས་ཞེས་པའི་ཐ་སྙད་དམིགས་བསལ་འཇུག་སའི་གོས་ཞིག་ཡོད་པ་ནི།    བྱིངས་ཀྱི་བཟོ་དབྱིབས་ཕྱུ་པ་འདྲ་ཙམ་ལ་མཆན་འོག་གཡས་གཡོན་དང་མདུན་རྒྱབ་ནས་མར་

དུམ་བུ་མང་པོ་ཁ་རལ་ཅན་དུ་ཡོད་པ་དེ་ཡིན། འདི་དུམ་བུ་བཅོ་བརྒྱད་དུ་དྲས་ནས་བསྒྲུབས་ཡོད་པ་སོགས་བཤད་སྲོལ་མང་ཞིང་བགྱོན་མཁན་སྐྱེས་མ་དེ་ལ་ཡང་འོས་དང་འོས་མིན་བཟང་ངན་གྱི་འགྲེལ་བཤད་མང་པོ་རྒྱག་སྲོལ་ཡོད།  དོལ་པོའི་སྐྱེས་མ་རྣམས་སློག་པ་སྲབ་མོ་ཕུ་མེད་དེ་འདྲ་སྐབས་འགར་བགྱོན་པ་ལས་སློག་པ་ཕུ་དུང་ཅན་གོག་གོག་ཐུག་པོ་དེ་འདྲ་གྱོན་སྲོལ་མེད།

སྐ་རགས་ནི་ཕྱུ་བ་སོགས་ཕྱི་གོས་རིང་པོ་ཅན་རྣམས་སྡོམ་བྱེད་ཏེ། མཐོ་སྒང་དོལ་པོའི་སྐ་རགས་ནི་ཐགས་སུ་བཏགས་པ་ཤ་ཏག་ཡིན་པ་ལས་ཐག་པ་དང་ཁ་བཏགས་ལྟ་བུ་སྡོམ་བྱེད་ཙམ་དུ་གྱུར་ཚད་བཅིང་སྲོལ་མེད། དེ་ཡང་ཤུགས་ཆེ་བ་རྒྱ་གྱེ་རེ་གཉིས་ཀྱི་ནང་ནས་གྱེ་རེའི་འགྲོས་སུ་བཏགས་ཤིང་རྒྱུ་རྣམ་མ་རིགས་གཅིག་དང་སྤུན་དོག་པ་མཚོན་མདོག་འདྲ་མིན་བསྡེབས་པའི་བཀྲ་ཤིས་པ་དང་ངོ་མཚར་བའི་རི་མོ་འདྲ་མིན་ཅན་དང་།     དམིགས་བསལ་རི་མོ་ཁྲི་ཐུག་དང་གབ་རྩེ་ཞེས་འགྲོས་མི་འདྲ་བ་གཉིས་གང་རུང་གི་མཛེས་ཆོས་ཅན།  སྐྱེས་པའི་སྐ་རགས་གཞེང་ཆུང་ཞིང་རི་མོ་དང་མཚོན་མདོག་རྒྱས་སྤྲོས་དེ་ཙམ་མི་ཆེ། དེ་ནི་སྐྱེས་པ་རྣམས་སྐ་རགས་ལེབ་མོར་མི་འཆིང་བར་ཧྲིལ་མོར་བཅིངས་ནས་ཕྱུ་བ་དང་སློག་པ་སོགས་ཀྱི་ཨམ་ཕྲག་གམ་སྟོད་ལྷུག་གི་འོག་ཏུ་སོང་ནས་ཕྱིར་སྟོན་མི་དགོས་པས་ཡིན། སྐྱེས་མའི་སྐ་རགས་གཞེང་ཆེ་ཞིང་མཚོན་མདོག་དང་རི་མོ་བཅས་རྒྱས་སྤྲོས་ཆེ། དེ་ནི་སྐྱེས་མ་རྣམས་ལ་ཕྱུ་བ་དང་སློག་པ་སོགས་ཀྱི་

སྟོད་ལྷུག་གམ་ཨམ་ཕྲག་ལྷུག་ལྷུག་མེད་ཅིང་།  སྐ་རགས་ལེབ་མོར་བཅིངས་ནས་ཕྱིར་ངོམ་དགོས་པའི་རྒྱུ་མཚན་གྱིས་ཡིན། དམིགས་བསལ་སྐྱེས་མ་རྣམས་ལ་སྤུ་ཕྲུག་ཐག་ལུགས་སུ་བཏགས་པའི་སྐ་རགས་ཐིག་མ་ཟེར་བ་རི་མོ་རྒྱ་གྲམ་ཅན་ཞིག་དང་། གཞན་ཡང་གཟབ་སྤྲོས་ཀྱི་སྐབས་སུ་དངུལ་གྱི་སྐ་རགས་བྱ་འབྲུག་ཁ་སྤྲོད་དང་ནོར་བུ་ཆ་བདུན་སོགས་ཀྱི་རི་མོ་ཅན་དང་། དངུལ་ལ་གསེར་གྱི་ཚགས་རིས་ཅན་མདུན་གྱི་སྣེ་གཉིས་ནས་མདོ་ལོང་རང་འགྲིག་ཅན་སོགས་ཀྱང་ཡོད། འདི་ལ་དངུལ་སྐ་དང་འགའ་རེས་ཆབ་མ་ཡང་ཟེར། བླ་མ་སེར་མོ་སོགས་ཆོས་བྱེད་པ་རྣམས་ཀྱི་སྐ་རགས་ནི་མཚོན་མདོག་དམར་སེར་གཉིས་ཤུགས་ཆེ་ཙམ་ལས་གཞན་པའི་བཟོ་ཁྱད་སོགས་དམིགས་བསལ་ཟུར་དུ་མེད།      ཁོང་རྣམ་པའི་སྐ་རགས་ལ་ཞེ་ཚིག་སྐུ་རགས་ཟེར་བ་ཡིན།

ཞྭ་མོ་ནི་ལྷགས་རླུང་དང་གྲང་ངར་སོགས་སྐྱོབ་བྱེད་དང་མཛེས་ཆོས་དང་རྫིག་ཉམས་དོད་བྱེད་མགོ་ལ་གྱོན་རྒྱུ་ཞིག་ཡིན། མཐོ་སྒང་དོལ་པོའི་སྐྱེས་པ་ཚོས་རྒྱུན་ལྡན་བལ་སྐུད་ལས་སླས་པའི་ཞྭ་མོ་དང་། ཕྱིང་ཞྭ། ཚེ་རིང་སྐྱི་འགག   ཝ་ཞྭ། ཚར་ཞྭ་སོགས་ཡིན། དེ་ཡང་བལ་སླས་ཞྭ་མོ་དང་ཕྱིང་ཞྭ་ནི་རྒྱུན་ཞྭ་ཡིན་ལ། སྐྱ་བོ་རྣམས་དཀར་པོ་དང་ནག་པོ་སོགས་གོན་ཅིང་སེར་མོ་རྣམས་དམར་པོ་གོན་པ་ཡིན། དོལ་པོའི་ཆོས་པ་རྣམ་པས་བལ་སླས་དབུ་ཞྭ་སེར་པོ་མནབ་སྲོལ་གཏན་ནས་མེད། ཚར་ཞྭ་ནི་དགུན་དུས་སུ་གོན་རྒྱུ་དང་དེ་ཡང་གཙོ་ཆེ་བ་རྫི་བོ་ཚོས་གོན་རྒྱུ་ཡིན། ཚེ་རིང་སྐྱི་འགག་དང་ཝ་ཞྭ་ནི་གཟབ་འཕྱོར་གྱི་སྐབས་ལས་རྒྱུན་ལྡན་གོན་རྒྱུ་མིན།  སེར་མོ་པ་འམ་ཆོས་པ་ཚོས་རྒྱུན་ལྡན་བལ་སླས་ཞྭ་མོ་མདོག་དམར་སེར་ཅན་དེ་འདྲ་བགྱོན་པ་ལས་གཟབ་འཕྱོར་གྱི་ཞྭ་མོ་དེ་ཚོ་གོན་སྲོལ་གཏན་ནས་མེད། སེར་མོ་པ་རྣམས་ཉིན་དགུང་ཆུ་གཏོར་གཏོང་སྐབས་དང་། རྒན་ཁོག་རྣམས་ཉི་མའི་ནང་དུ་སྡོད་སྐབས་གྱོན་རྒྱུའི་ཉི་ཁྲབ་ཟེར་བ་ནང་ལ་སྨྱུག་ཐུར་བཙུད་ནས་རས་གཡོགས་རྒྱབ་པའི་ཞྭ་མོ་དམིགས་བསལ་ཕར་གོན་ན་ཐེར་ཐེར་ཆེན་པོ་ཆགས་ཤིང་ཚུར་བསྡུས་ན་ཆག་པ་གང་ཙམ་ཆགས་འགྲོ་པའི་སྟབས་བདེ་ཅན། ཞིང་པ་ཚོའི་འོངས་འཕྱར་ས་ཏི་ཡིབ་ཟེར་བ་དེ་དང་འདྲ་བ་ཞིག་ཡོད།

སྐྱེས་མ་རྣམས་ལ་རྒྱུན་ལྡན་ཞྭ་མོའི་གཏན་འབེབས་མེད་པ་མ་ཟད་གྱོན་སྲོལ་ཡང་མེད། དམིགས་བསལ་རྒྱན་ཆའི་གྲས་སུ་གཏོགས་པའི་ཐིག་པོ་ཟེར་བ་དངུལ་ལས་བཟོས་ཤིང་སྤོས་ཤེལ་དང་གཡུ་བྱུར་གྱིས་སྤྲས་པ་ཞིག་ཡོད། དེ་ནི་གཙོ་བོ་གཉེན་བསྒྲིགས་པའི་མཚོན་དོན་འདྲ་ཞིག་ཡིན་ཞིང་སྐྱེས་མ་ཡོད་ཚད་ཀྱིས་གོན་ཆོག་དང་མི་ཆོག་ས་མཚམས་ཆུ་མཚམས་ཀྱི་དབྱེ་བ་མང་པོ་ཡོད།

ལྷམ་ནི་རྐང་པ་གྲང་ངར་དང་ཚེར་མ་གྱོ་སེག་སོགས་ལས་སྐྱོབ་བྱེད་ཀྱི་གྱོན་པ་ཞིག་ཡིན། ང་ཚོ་མཐོ་སྒང་དོལ་པོའི་ལྷམ་ནི་མཐོ་སྒང་ཧི་མ་ལ་ཡའི་རི་བརྒྱུད་གང་ན་ཡང་མེད་པའི་དམིགས་བསལ་མཛེས་ཁྱད་ཅན་ཞིག་ཏེ། དོལ་པོའི་སྐད་དུ་རྒྱུན་ལྡན་ཟོན་པ་ཟེར། ཐོག་མར་གཞི་བགྱོན་མཁན་ཕོ་མོ་གང་ཡིན་གྱི་རྐང་པ་ལ་ཚད་རྒྱབ་ནས་རྣམ་བུ་དང་རེ་བ་བརྒྱད་རྩེགས་དགུ་རྩེགས་རྐང་པའི་དབྱིབས་ཅན་ཞིག་དྲས་ནས་དེའི་ཐོག་སྐུད་པས་ཡར་མར་ཕན་ཚུན་ཐམས་ཅད་དྲུབས་ནས་སྲ་ཁོབ་ཁོབ་ཞིག་བཟོས་པའི་སྟེང་དུ་ཐ་གུ་ཕྲ་སྦོམ་བྱིས་པའི་མཛུབ་མོ་ཙམ་རྩེགས་རིམ་བཞིན་སྐུད་པས་དྲིལ་ཐབས་སུ་རྩེམས་པ། ཡར་ཡར་སླེབ་རིན་བཞིན་འུབ་བསྡུས་ནས་རྒྱ་ཆུང་དུ་བཏང་ཞིང་རྟིང་པའི་ཐད་ཁྲིག་གེར་ཡོད་པ། རྐང་འགོའི་ཕྱོགས་ཆེ་ཞིང་ལོང་བུའི་འོག་ཕྱོགས་ཅུང་ཙམ་ཆུང་བ་སོགས་མདོར་ན་རྐང་པའི་དབྱིབས་དང་བསྟུན་པའི་བཟོ་ཁྱད་ཐོན་པ། རྐང་པའི་སྟེང་གི་མདུན་ཕྱོགས་སྐུད་པ་གཅིག་གིས་རྒྱུ་སྤུན་གཉིས་ཀ་བྱས་ནས་ཚེམ་སྦྲེལ་གྱིས་ཐོག་ཕུབས་པའི་དཀྱིལ་སྣ་རྩེའི་བར་སྣ་ཕྲ་ཞེས་དོག་པ་སྔོ་དམར་གཉིས་སྦྲེལ་ཆུ་མིག་དགུ་བསྒྲིལ་གྱི་རྒྱ་རིས་ལྟ་བུ་དམིགས་བསལ་མཛེས་བཟོ་དོད་པ། དེ་ལ་བུན་པ་ཞེས་ལྷམ་ཡུ་ནི་རྣམ་བུ་གྱེ་རེ་ལྟ་བུ་ཞིག་གིས་ཟོན་པའི་ཁ་ནས་སྒྱིད་ཁུགས་ལ་མ་སླེབ་ཙམ་དུ་ཡོད་པ་ཞིག་གི་ཕྱི་ལ་རྣམ་བུ་དམར་པོ་དང་སྨུག་པོ་གང་རུང་གིས་གཡོགས་ཤིང་མདུན་ཕྱོགས་ཁ་མ་འབྱར་ཙམ་དུ་ཡོད་པའི་ཟུར་དང་སྟོད་ཀྱི་མཐའ་རྣམས་སྐུད་པས་དྲིལ་ཞིང་། དེའི་སྟེང་ལ་གཉའ་སྐྱོར་དང་མདུན་ཕྱོགས་སུ་གདོང་ཁ་ཞེས་འགོ་རྣམ་ལྗང་གུ་སྔོན་པོ་གང་རུང་། ཕལ་ཆེ་བས་ལྗང་གུ་བྱེད། དམར་པོ་བཅས་ཀྱི་མཛེས་བཟོས་རྒྱན་པའི་མཐའ་མཚོན་སྐུད་སྔོ་དམར་གྱིས་དྲིལ་ཅིང་། ནང་མཚམས་སུ་དྲས་ཁའི་འགྲོས་དང་མཐུན་པར་སྐུད་པ་དཀར་པོའི་ཚེམ་བུ་མུ་སྦྲེལ་བར་སྟོང་མེད་པ་མུ་ཏིག་གི་ཕྲེང་བ་ལྟ་བུ་རྒྱབ་པ། བར་སྟོང་རྣམས་སུ་མཚོན་སྐུད་ཀྱི་བྱ་རྗེས་དང་མེ་ཏོག་སོགས་འོས་ཤིང་འཚམ་པས་བརྒྱན་པའི་ལྷམ་སྣ་ཀོ་བ་མཉེས་མ་སྲབ་ཐུག་རན་པོས་བསྟུམས་ཤིང་།    མཐིལ་ཀོ་བ་ཐུག་པོས་གཡོགས་པ་ཡིན།

ད་དུང་ཟོན་པ་ཕྲུག་མ་ཞེས་སྣ་ལ་ཀོ་བས་གཡོགས་རྒྱུའི་ཚབ་ཏུ་མཚོན་སྐུད་དམར་ནག་གིས་སྤོས་རྒྱའི་རི་མོ་དང་། རྟིང་པའི་ཐད་དུའང་གོང་མཚུངས་སྤོས་རྒྱའི་རི་མོ་ཅན་ཞིག་ཡོད་པ་འདི་རིགས་ནི་གཟབ་སྤྲོས་ཀྱི་ཆེད་དུ་ཡིན། དེ་ཡང་གཙོ་ཆེ་བ་སྐྱེས་མ་རྣམས་ནས་གྱོན་པ་ཡིན། རྒྱུ་མཚན་ནི། སྐྱེས་མ་རྣམས་གྱོན་པ་འཇོང་འཇོང་བགྱོན་པ་ཡིན་སྟབས་ཟོན་པའི་སྨད་ཀྱི་ཆ་ལ་འགྲོས་དང་བཟོ་ལྟ་ཡག་པ་དགོས་ཤིང་། སྟོད་ཀྱི་ཆ་ལ་མཛེས་ཆ་བཟོས་ཀྱང་གོས་ཀྱིས་བསྒྲིབས་ནས་མི་མངོན་པ་ཡིན་སྟབས་དེ་ཙམ་མི་དགོས་པ་ཡིན།   དེར་རྟེན་སྐྱེས་མའི་ཟོན་པར་འགོ་རྣམ་གྱི་གཉའ་སྐྱོར་ཉིས་རྩེགས་མི་དགོས་ཤིང་།    སྐྱེས་པའི་ཟོན་པ་ལ་ངེས་པར་དུ་དགོས་པ་ཡིན།

རྒྱུན་ལྡན་གོན་རྒྱུའི་རིགས་ལ་འགོ་རྣམ་དང་མཚོན་སྐུད་ཀྱི་རྒྱན་རིས་འདྲ་མིན་དེ་ཚོ་མི་དགོས། ཟོན་པ་དེ་ལ་ནང་སེས་ཀྱི་དབྱེ་བ་ཁྲི་དཀར་དང་། བོལ་ནག དཀར་ཡུག ནག་ཡུག་བཅས་ཡོད་པ་ནི་བུན་པའམ་ལྷམ་ཡུ་མ་ཐེ་བའི་ཟོན་པ་ཁོ་ནའི་རྒྱུ་སྐུད་པ་དཀར་ནག་ཕོན་ཆེ་ཆུང་གིས་བཏགས་པ་ལས། བཟོ་ཁྱད་ཧེ་བག་ཆེན་པོ་གང་ཡང་མེད། འདི་ནི་དོལ་པོའི་ལྷམ་དམིགས་བསལ་ཞིག་ཡིན།

དེ་མིན་ལྷན་ཟོན་ཟེར་བ་ལྷན་པ་ཐུག་པོ་ལས་བཟོས་པ་བཟོ་བཀོད་དེ་ཙམ་མེད་པའི་སྟབས་བདེ་ཞིག་ཞིག་ཀྱང་ཡོད། འདི་ནི་གཙོ་བོ་གནས་སྐོར་སོགས་ལ་འགྲོ་སྐབས་དང་ཆོས་པ་ཉམས་ཆུང་ཚོས་གོན་སྲོལ་འདུག ད་སྐབས་ཧ་ལམ་ཉམས་ཚར།

གཞན་ཡང་གཟབ་འཕྱོར་གྱི་སྐབས་སུ་སྐྱེས་པ་ཚོས་འབའ་ལྷམ་ཟེར་བ་སྭག་ལྷམ་འདྲ་བོ་ཀོ་བ་མཉེས་མ་དང་འགོ་རྣམ་སོགས་ལས་བཅོས་པའི་མཐིལ་ཀོ་བ་ཕྱེད་མཉེས་མ་བཞི་རྩེགས་ཅན་བརྗིད་ཉམས་ལྡན་པ་ཞིག་ཀྱང་ཡོད།  འདི་ནི་གཙོ་བོ་གནའ་དུས་བླ་དཔོན་དང་རྒན་རབས་ཚོས་གོན་སྲོལ་ཡོད།     ལྷམ་འདི་སྐྱེས་མ་ཚོས་བགྱོན་སྲོལ་མེད།     ཡང་སྐྱེས་པ་སྐྱེས་མ་གཉིས་ཀས་ཤངས་ཟོན་ཟེར་བ་དབུས་གཙང་ཁུལ་དུ་དར་ཁྱབ་ཆེ་

བའི་ལྷམ་རྒྱུ་འགོ་རྣམ་དམར་ནག་ལྗང་གུ་གསུམ་ལས་བཟོས་ཤིང་། མེ་ཏོག་དང་མགྲོན་བུ་ལྟ་བུའི་ཚེམ་དྲུབ་འདྲ་མིན་ཅན་དེ་ཡང་གོན་སྲོལ་ཡོད། ང་ཚོ་མཟོ་སྒང་དོལ་པོའི་གནའ་སྲོལ་གྱི་ལྷམ་ནི་ཡུ་རིང་ཅན་ཤ་ཏག་ཡིན་པ་ལས། ཡུ་བའམ་བུན་པ་ཐུང་ངུ་ཅན་དང་ཡུ་བ་མེད་པའི་ལྷམ་གཏན་ནས་མེད།

མཐོ་སྒང་དོལ་པོའི་ཡུལ་གྱི་བླ་སྤྲུལ་དགེ་འདུན་པ་ཕལ་མོ་ཆེ་སྔགས་པ་ཡིན་སྟབས་ན་བཟའ་ནི་རྒྱུན་ལྡན་སྐྱ་བོ་ཚོས་ཇི་ལྟར་བགྱོན་རྒྱུའི་ཕྱུ་བ་སོགས་དེ་རང་ཡིན།    ཁོང་རྣམ་པས་དེ་རིགས་མཚོན་མདོག་དམར་སྨུག་སེར་གསུམ་ཤས་ཆེ་བ་རེ་མནབས་པའི་སྟེང་དུ་གཟན་དམར་ཟེར་བ་ཞིག་ལས། དམིགས་བསལ་གཞན་པ་མནབས་སྲོལ་མེད། སྔགས་འཆང་དམིགས་བསལ་འགའ་རེས་ཟན་ཁྲ་བཞེས་ཀྱིན་ཡོད། ཡོངས་གྲགས་རབ་བྱུང་རྣམ་པ་འདུལ་ཆས་ཞེས་རབ་བྱུང་གི་ཆས་མཛད་ཅིང་། འགའ་ཞིག་རབ་བྱུང་གི་ཆས་ལ་དད་འདུན་དང་དགའ་ཞེན་ལྟ་བུས་བོད་ལུགས་གྲྭ་གོས་ཀྱུས་མ་དེ་སྐབས་འགར་མནབས་གྱིན་ཡོད། དེ་མིན་ཁོང་རྣམས་ལ་གཟབ་འཕྱོར་གྱི་གྱོན་པ་དམིགས་བསལ་མེད།

ཉྭ་སྐའམ་ལྷམ་སྒྲོག་ནི་ལྷམ་གྱི་ཡུ་བའམ་བུན་པ་མར་མི་ལུག་པར་སྡོམ་བྱེད་ཏེ། གཞེང་ཁ་ཆེ་ཆུང་དང་རིང་ཐུང་མ་གཏོགས་ཐག་ལུགས་དང་མཚོན་མདོག་རི་མོ་སོགས་སྐ་རགས་དང་ཧ་ལམ་གཅིག་མཚུངས་ཡིན། མཛེས་རིས་འདྲ་མིན་དང་། དམིགས་བསལ་ཁྲི་ཐུག་སོགས་ཀྱི་ཐ་སྙད་ཡོདམ དེ་ཡང་སྐྱེས་པའི་ཉྭ་སྐ་གཟབ་སྤྲོས་ཆེ་ཞིང་སྐྱེས་མའི་ཉྭ་སྐ་གཟབ་སྤྲོས་ཆུང་། དེ་ནི་གོས་ཀྱི་འོག་ནས་ཕྱི་ལ་ངོམ་དགོས་དང་མི་དགོས་པའི་ཁྱད་པར་ཏེ་གོང་དུ་བཞད་པའི་སྐ་རགས་ལྟར་རོ། ཉྭ་སྐ་ལ་གྱེ་རེའི་ཐག་ལུགས་གཅིག་མ་གཏོགས་སྤུ་ཕྲུག་ཐག་ལུགས་སུ་བཏགས་པའི་ཐིག་མ་ཟེར་དེ་འདྲ་མེད། སེར་མོ་པའི་ཉྭ་སྐ་ལ་མཛེས་རིས་ཉུང་ཞིང་མཚོན་མདོག་དམར་སེར་གཉིས་ཤུགས་ཆེ་བ་ཡིན་ནོ། །

རྒྱུན་ལྡན་དང་གཟབ་སྤྲོས་ཀྱི་ཁྱད་ནི། དེ་ཡང་རྣམ་བུ་དང་རས་ཆ་ཀྱུས་མའི་ཕྱུ་བ། འབྱར་མ། སློག་པ་མཐའ་རྒྱན་མེད་པ་གཡོགས་མེད་དང་། རས་ཆ་ཀྱུས་མའི་གཡོགས་ཅན་སོགས། སྟོད་གོས་སྨད་གོས་ཕྱི་གོས་ནང་གོས་བཅས་མདོར་ན་རྒྱུ་ཆ་དང་ཚེམ་བཟོ། ཐགས་ལས་རིན་ཐང་ཀྱུས་མ་སྟབས་བདེ་མེ་ཐུབ་ཆུ་ཐུབ་རིགས་རྣམས་རྒྱུན་གོས་ཡིན་ལ། ཐགས་ལས་གཟབ་ནན་བྱས་པའི་རྣམ་བུ་དང་། ཐེར་མ། སྤུ་ཕྲུག གོས་ཆེན། འཇའ་ཙེ། བུ་དུང་། འགོ་རྣམ། འབུ་རས་སོགས་རྒྱུ་སྤུས་དག་ཅིང་། དྲས་དྲུབས་ཀྱི་ཁུངས་དང་ཚེམ་བཟོ་གཟབ་ནན་བྱས་པ། རྒྱ་སེ་དང་གོས་ཆེན་སོགས་ཀྱི་མཐའ་ལྕགས་དང་ཁ་འདྲིལ་ཅན་སོགས་དབྱིབས་དང་བཟོ་རྣམ་དོད་པ། དཀར་པོ་དཀར་རྐྱང་ལ་སྔོ་ནག་གི་རྒྱབ་ཤ་ཅན། སྨུག་པོ་སྨུག་ནག ལྗང་སྨུག ནག་པོ་ནག་ཁ་བཙན་པོ་སོགས་ཁ་དོག་ལེགས་པ་རྣམས་དང་། སྲམ་གཟིག་གཉིས་ཀྱི་པགས་པས་མཐའ་གོང་རྒྱན་པའི་སློག་པ།   ལྷིག་གེ་ཕྱི་ལ་པ་ཏྲའི་རི་མོ་ཅན།    ཚར་རུའི་སློག་པ་ལ་གོས་ཆེན་གྱི་གཡོགས་པ་གཅན་གཟན་གྱི་པགས་པའི་མཐའ་རྒྱན་ཅན། ཝ་ཞྭ། ཞྭ་སེར་ཆེན་འབོག་ཐོ། ཕྱིང་ཞྭ་ཐང་གྱིར་སོགས་མདོར་ན་སྤུས་དག་ཅིང་རིན་ཐང་ཆེ་ལ་བབ་ཆགས་པའི་སྟོད་སྨད་ཕྱི་ནང་གི་གོས་ཀྱི་རིགས་རྣམས་གཟབ་སྤྲོས་ཀྱི་

གྱོན་པ་ཡིན་ནོ།

འདི་དག་ནི་རྒྱུན་ལྡན་དང་རྒྱན་མིན་པའི་སྐབས་སུ་གྱོན་རྒྱུ་དེ་རིགས་ཡིན། གནམ་ནས་ཐོག་བབས་ལྟ་བུའི་རྐྱེན་ངན་དང་། སྐབས་འགར་གཡོལ་དགོས་པ། སྐབས་འགར་ཟློས་གར་ཁྲབ་པ། སྐབས་འགར་འ་ཆད་འུ་ཐུག་གིས་ངོ་ཚ་སྦེད་དགོས་པ་དང་ཚ་གྲང་སྐྱོབ་ཐུབ་ཙམ་གྱི་འགག་ལ་ཐུག་པའི་དུས་སྐབས་ལྟ་བུར་ནི་གང་བྱུང་དེས་ཆོག་བྱེད་དགོས་པ་ལས། འདི་ཡིན་འདི་མིན་དང་། རུང་དང་མི་རུང་གི་རྣམ་དབྱེ་ཅི་ཡང་མེད། ཚ་གྲང་དང་ངོ་ཚ་ལས་སྐྱོབ་ཐུབ་ཙམ་བྱུང་བ་དེ་གས་ཆོག་པའོ།

གཞན་ཡང་གྱོན་གོས་འགའ་ཞིག་ནི་དབྱིབས་འགྱུར་ཞིང་། འགའ་ཞིག་ནི་གྱོན་སྲོལ་མེད་པར་གྱུར། འགའ་ཞིག་ནི་དུས་སྐབས་དང་བསྟུན་ནས་མི་འཛའ་ཞིང་ཡིད་དུ་མི་འོང་བར་གྱུར་བ་དང་། འགའ་ཞིག་ནི་དེ་ཙམ་དགོས་མཁོ་མེད་པའི་ལྷག་པོ་ལྟ་བུར་གྱུར་པ་ཡང་ཡོད་དོ།

དེ་བཞིན་དུ་གྱོན་གོས་འགའ་ཞིག་ནི་དེང་སང་གི་གཞོན་སྐྱེས་ཚོས་སྔར་ལུགས་ཀྱི་སྟེང་དུ་འོས་ཤིང་འཚམ་པའི་སྣོན་ཕྲི་བྱས་ནས་མཛེས་ཤིང་ཡིད་དུ་འོང་ལ་མཐོང་ན་མི་མཐུན་པ་མེད་པའི་ཚུལ་དུ་བཅོས་པ་དག་ཀྱང་མང་དུ་འདུག འདི་ནི་ཕྱོགས་གཞན་ཞིག་བལྟས་ན་ལེགས་བཅོས་ཞེས་པའི་ཐ་སྙད་དེའི་འཇུག་ཡུལ་དུ་འགྱུར་འདུག་སྙམ་ནས་དགའ་འོས་མོད། ཡང་ཕྱོགས་གཞན་ཞིག་ནས་ལྟས་ན་འདི་ལྟར་མུ་ཐུད་བཅོས་སྒྱུར་བྱས་ན་ནམ་ཞིག་བཅོས་ཐལ་དུ་སོང་ནས་ཐུན་མིན་རང་རིགས་ཀྱི་ངོ་བོ་མཚོན་མི་ཐུབ་པའི་གནས་སུ་འགྱུར་ཉེན་ཡང་ཆེ་བས། དེས་ན་རང་རིགས་ཀུན་གྱིས་རང་ལུགས་ལ་གཅེས་འཛིན་གྱི་གནད་ངེས་པར་འཚལ།  ད་དུང་འདི་རྣམས་ལ་ཞིབ་ཆ་དང་ཐ་སྙད་ཐུན་མིན་རྣམས་ལ་མཆན་བུ་ཟུར་དུ་རྒྱག་དགོས་པ་མང་དུ་ཡོད་དོ། །

©དོལ་པོ་རིག་མཛོད་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྤེལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས།