མོ་ཆས།

དེ་ལྟར་སྟོད་གོས་སྨད་གོས་ཕྱུ་བ་སོགས་ཆེ་ཆུང་ཙམ་མ་གཏོགས་རྒྱུ་དང་དབྱིབས་གཅིག་པའི་རིགས་མང་ཆེ་བ་གོང་དུ་སྐྱ་སེར་ཕོ་མོ་ཐུན་མོང་དུ་བཤད་ཟིན་ལ། འདིར་དོལ་པོའི་སྐྱེས་མ་རྣམས་ཁོ་ནའི་གྱོན་པ་དམིགས་བསལ་གྱི་རིགས་འགའ་ཞིག་ནི། སྨད་དཀྲིས།  པང་ཁེབས།  སྐེད་གདན།     རྒྱབ་ཤུན་བཅས་དེ་དག་ཡིན། དེ་ཡང་སྨད་དཀྲིས་གསེར་ཐིག་དང་། རིན་ཆེན་སྣ་ལྔ། ལྗང་ཁྲ། སེར་ཁྲ་སོགས་རྒྱུ་རྣལ་མ་རིགས་གཅིག་དང་།  སྤུན་བལ་གྱི་དོག་པ་མཚོན་མདོག་སྣེ་མང་མཛེས་པར་བསྡེབས་པ། ཐག་ལུགས་བྱིང་མ་ཞེས་ཁྲི་ཐགས་སུ་བཏགས་པ། མཚོན་མདོག་ཤུགས་ཆེ་ཆུང་གི་མདངས་དང་མཛེས་ཆ་མངོན་ལུགས་ཀྱི་སྒོ་ནས་མིང་དེ་དག་བཏགས་པ་ཡིན།

པང་ཁེབས་ནི་རྒྱུ་རིགས་གཅིག་ལ་སྤུན་དོག་པ་སྣ་ཚོགས་ཕྲུག་ཐགས་སུ་བཏགས་པའི་མཚོན་མདོག་འཇའ་རིས་སུ་བསྡེབས་པའི་རྣམ་བུ་ལྷེབ་ལྷེབ་སྨད་དཀྲིས་རྒྱབ་ནས་དཀྲིས་པའི་བར་ནས་སྣེ་མོ་ཕྱིར་མངོན་ཙམ་བྱས་ནས་གྱོན་པ་ཡིན། འདི་ནི་དེང་སང་དེ་ཙམ་དཀྲི་སྲོལ་ཡང་མེད་ལ་བོད་དབུས་གཙང་སོགས་བཞིན་གཉེན་བསྒྲིག་བྱས་པའི་མཚོན་དོན་ཡིན་ཚུལ་གྱི་འགྲེལ་བཤད་དེ་ཡང་རྒྱག་སྲོལ་མེད།

སྐེད་གདན་ནི་ལུགས་པགས་དང་ཚ་རུ་གཉིས་གང་རུང་ལས་བཟོས་པའི་གྲུ་བཞི་ནར་དབྱིབས་ཅན།   སྟོད་ཀྱི་ཟུར་གཉིས་གཞེང་ཏོག་ཙམ་ཆུང་བ།     མཐའ་ལ་འགོ་རྣམ་སོགས་ཀྱི་ལྕགས་རི་དང་འོག་གི་གྲུ་གཉིས་སུ་འགོ་རྣམ་ཟུར་གསུམ་དམར་ལྗང་གཉིས་སྤེལ་གྱི་འཇའ་རིས་བསྒྲིགས་པ་ཞིག་ཡོད། འདི་ནི་སྐྱེས་མ་རྣམས་ཀྱི་སྨད་རྒྱབ་དུ་བགྱོན་རྒྱུའི་དགུན་གོས་གྲས་ཞིག་ཡིན།    མཐའ་རྒྱན་ཡོད་མེད་དང་རྒྱས་བསྡུས་ཅི་རིགས་པ་ཡོད། རྒྱབ་ཤུན་ནི་གཙོ་བོ་སྐྱེས་མ་ཚོའི་རྒྱབ་ལ་གོན་རྒྱུ་ཡིན་སྟབས་མིང་དེ་ལྟར་བཏགས་པ་ཡིན། འདི་ལ་ནང་སེས་རྐམ་ལོ་དང་།  གབ་ཟན། སླེའུ་བཅས་ཡོད། རྐམ་ལོ་དང་གབ་ཟན་འདི་རྣམས་ཐགས་ཀྱི་འགྲོས་ནི་རྒྱ་དང་གྱེ་རེ་བྱིང་མ་གསུམ་ཀྱི་ནང་སེས་བྱིང་མ་ཟེར་བ་དེའི་ཁོངས་གཏོགས་སྤུ་ཕྲུག་ཐག་ལུགས་དང་གཅིག་པ་ཡིན། སླེའུ་འདི་རྣམས་ཐགས་ཀྱི་འགྲོས་ནི་རྒྱ་དང་གྱེ་རེ་བྱིང་མ་གསུམ་ཀྱི་ནང་སེས་གྱེ་རེ་ཞེས་ཕྱ་ར་འམ་རེ་བ་དང་གཅིག་པ་ཡིན། འདི་རིགས་ནི་ཡུལ་གྱི་སྐྱེས་མ་ཚོའི་ལག་བཟོས་ཁོ་ན་ཡིན་ཞིང་རྒྱུ་ཡང་ཧ་ལམ་བལ་ལས་བསྒྲུབས་པ་དག་དག་ཡིན། སྣལ་མའི་མཚོན་མདོག་བསྡེབས་སྟངས་ཀྱི་སྒོ་ནས་མིང་འདྲ་མིན་ཡོད་པ། མལ་ཟན། ནག་ཁྲ། སེར་ཁྲ་སོགས་ཡོད། སླེའུ་ལ་ཡང་སླེ་ཁྲ་དང་སླེ་ནག མཚོན་མདོག་མེད་པའི་སླེའུ་ཀྱུས་མ་བཅས་ཡོད། དབྱིབས་ནི་གྲུ་བཞི་ནར་དབྱིབས་ཅན་ལྟེབ་རྩེགས་གཅིག་རྒྱབ་ན་ཧ་ལམ་གྲུ་བཞི་ཏག་ཏག་ཆགས་འགྲོ་བ་ལ་རྒྱུན་ལྡན་བཀོལ་རྒྱུ་དེ་རིགས་ཆུང་བ་ཡོད། མལ་གོས་ཀྱི་ཆེད་དུ་བཅོས་པ་དེ་རིགས་རྒྱུ་སྤུས་ཞན་ཅིང་ལབ་བེ་ལེབ་བེ་ཆེན་པོ་ཤ་ཏག་དང་། གཟབ་འཕྱོར་གྱི་སྐབས་སུ་གོན་རྒྱུ་དེ་རིགས་རྒྱུ་སྤུས་དག་ཅིང་དབྱིབས་ཆེ་ཆུང་རན་པོ་ཤ་ཏག་ཡིན། གྱོན་སྟངས་ནི་གཟབ་གོན་སྐབས་ལྟེབ་རྩེགས་རན་ཙམ་ཞིག་རྒྱབ་ནས་རྒྱབ་ཀྱི་ཕྲག་གོང་ནས་མདུན་དུ་ནུ་མའི་སྟོད་ཙམ་དེར་ཐུག་ལ་ཁད་དེའི་སྣེ་གཉིས་སྡིག་རྭས་ཟིན་ཏེ་བགྱོན་པ་ཡིན། འདི་ནི་སྐྱེས་མ་ཚོ་གཟབ་སྤྲོས་སྐབས་དང་བླ་མ་རྟེན་གསུམ་མཇལ་སྐབས་སོགས་སུ་མེད་ན་མི་རུང་བ་ཞིག་གོ། རྒྱུན་ལྡན་ལས་བྲེལ་སོགས་ཀྱི་སྐབས་སུ་ངེས་པར་དུ་གྱོན་དགོས་པའི་ལམ་ལུགས་དང་མཐའ་གཅིག་ཏུ་འདི་ལྟར་དགོས་ཟེར་བ་མེད་མོད། འོན་ཀྱང་སྐྱེས་མ་ཚོ་རྒྱབ་རྗེན་དུ་འགྲོ་བ་དེ་ཅུང་ཙམ་དོགས་མི་བདེ་བར་རྩི་བ་ཡིན། འདི་ནི་སྐྱེས་མའི་དམིགས་བསལ་གྱོན་པ་འགའ་ཟུར་དུ་བཀོད་པ་ཡིན།

©དོལ་པོ་རིག་མཛོད་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྤེལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས།