དོལ་པོ།

དོལ་པོ་ནི་འཛམ་གླིང་མཐོ་སྒང་གི་གངས་ལྗོངས་ཤིག་སྟེ། བལ་ཡུལ་གྱི་ནུབ་ཕྱོགས་ཀརྞ་ལི་མངའ་སྡེ། ཌོལ་པ་རྫོང་ཁོངས་སུ་ཡོད། བལ་ཡུལ་དུ་གཏིང་རིང་ཤོས་སུ་གྲགས་པའི་ཕུ་སུམ་མདོ་མཚོ་གཏིང་ཚད་མི་ཀྲར་ ༡༤༥ ཅན་དེ་དོལ་པོ་རུ་ཡོད། ལོ་རྒྱུས་ཀྱི་ཡིག་ཆ་རྣམས་སུ་ལ་སྟོད་དོལ་པོ། གཙང་སྟོད་དོལ་པོ། མངའ་རིས་དོལ་པོ་ཞེས་གསལ། དེ་ལ་ནང་ཁོངས་ཚོ་གསུམ། བན་ཚང་ཚོ་གསུམ། མདོ་སྟག་ཚོ་གསུམ། སྟེང་ཤོངས་ཚོ་གསུམ་བཅས་དོལ་ཕྱོགས་གྲུ་བཞི་ཞེས་ཡོངས་སུ་གྲགས་ཤིང་། དེང་སང་བལ་ཡུལ་གཞུང་གིས་དོལ་པོ་བུདྡྷ། ཤེལ་ཕུ་སུམ་མདོ། ཚྭ་དགའ་སྟེང་ཤོངས་བཅས་གྲོང་སྡེ་གསུམ་དུ་ཕྱེ་ཡོད། ཌོལ་པ་རྫོང་ཡོངས་ལ་མི་གྲངས ༣༦༧༠༠ ཡོད་ཀྱང་དེ་ལས་དོལ་པོའི་མི་གྲངས་ ༡༠༠༠༠ ལྷག་ཙམ་ཡོད་ཅིང་། འཚོ་བརྟེན་ནི་ས་མ་འབྲོག་ཡིན།

ཆབ་སྲིད།

ཡུལ་འདི་གནའ་དུས་སུ་ཞང་ཞུང་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་ཀྱི་མངའ་ཁོངས་སུ་གཏོགས། བོད་སིལ་བུའི་སྐབས་སྤུ་རངས་རྒྱལ་པོ་བཀྲ་ཤིས་མགོན་དང་། དེའི་གདུང་རྒྱུད་ཕྱི་མ་ཡ་རྩེ་སོགས་ཀྱི་རྒྱལ་ཁོངས་སུ་ཚུད། དེ་ནས་མངའ་རིས་གུང་ཐང་བརྒྱ་ཚོ་བཅུ་གསུམ་གྱི་ཡ་གྱལ་དང་། རིམ་བཞིན་གློ་བོ་རྒྱལ་པོ། དོལ་པོ་ར་ནག་རྒྱལ་པོ། འཛུམ་ལང་རྒྱལ་པོ་སོགས་ཀྱིས་བདག་གིར་བྱས་ཤིང་། ཕྱི་ལོ་༡༧༨༩ཙམ་ལ་གྷོར་ཁའི་རྒྱལ་པོས་གློ་བོ་དང་དོལ་པོ་དབང་དུ་བསྒྱུར་པ་ནས་བཟུང་བལ་ཡུལ་གྱི་ཁོངས་སུ་ཚུད།

ཆོས་ལུགས།

ཐོག་མར་དུས་རབས་༨ པ་སྔ་དར་སྐབས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་དོལ་པོར་རི་བོ་འབུམ་པ། པདྨ་འབུམ་པ། གུ་རུ་འབུམ་པ་སྟེ་འབུམ་པ་རྣམ་གསུམ་ལ་བྱིན་གྱིས་བརླབས་པ་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་རང་རྣམ་དུ་གསལ། ཆོས་རྒྱལ་ཁྲི་སྲོང་གིས་གདན་དྲངས་པའི་བླ་སྨན་དགུ་ཡི་ཡ་གྱལ་སྨན་པ་འཁྱོལ་མ་རུ་རྩེའང་དོལ་པོ་ནས་ཡིན། ཕྱི་དར་སྐབས་སྐྱིད་སྟེངས་དོལ་གྱི་དགོན་གཅིག་སྟེ་དགོན་པ་སྔ་ཤོས་དེར་དོལ་པོ་སངས་རྒྱས་རྙིང་ཆོས་བསན་པ་རྣམ་ཐར་དུ་གསལ། རྗེ་བཙུན་མི་ལའི༼འདས་ལོ༡༡༣༥༽ཆོས་གྲོགས་མངའ་རིས་དོལ་པོའི་གཅེས་ཕྲུག་ལྔ་ཡང་འདི་ནས་ཡིན་ཞིང་། ཕྱིས་སུ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ༼༡༤༨༧-༡༥༤༢༽ཡུལ་འདིར་ལན་གསུམ་ཕེབས་པ་དང་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ༼༡༦༩༨-༡༧༥༥༽ཡང་བྱོན་ནས་འགྲོ་དོན་བསྐྱངས་པས་རྙིང་མ་ཤུགས་ཆེར་དར། དེ་བཞིན་ལོ་ཆེན་རིན་ཆེན་བཟང་པོའི༼༩༥༨-༡༠༥༥༽སློབ་མ་ཀ་བ་བཞི་ལས་དོལ་པོ་པ་བྱང་ཆུབ་སྙིང་པོ་བྱོན། ས་ཆེན་ཀུན་དགའ་སྙིང་པོས༼༡༠༩༢-༡༡༥༨༽དོལ་པོར་གྲུབ་ཆེན་སུམ་ཅུ་ལ་ཆོས་གསུངས་ཤིང་ཁོང་གི་སློབ་མ་ཚར་ཁའི་རྣལ་འབྱོར་ཞེས་པའང་བྱོན་ནས་ས་སྐྱ་དར། འདིའི་སྐབས་སུ་གཡུང་དྲུང་བོན་གྱི་ཡ་ངལ་གདུང་རྒྱུད་བླ་མ་སྔགས་པ་དོལ་པོ་རུ་ཕེབས་ནས་བསམ་གླིང་དགོན་པ་ཕྱག་འདེབས་པ་སོགས་མཛད་ནས་གཡུང་དྲུང་བོན་རྒྱ་ཆེར་དར། འབྲི་གུང་སྐྱོབ་པའི་སློབ་མ་སེང་གེ་ཡེ་ཤེས་དང་ནག་པོ་འཛམ་པ་སོགས་ཀྱིས་ཤེལ་རི་བོ་འབྲུག་སྒྲ་སོགས་གནས་སྒོ་ཕྱེས་ནས་བཀའ་བརྒྱུད་པ་དར། ཇོ་ནང་བསྟན་པའི་གསལ་བྱེད་ཀུན་མཁྱེན་དོལ་པོ་སངས་རྒྱས༼༡༢༩༢-༡༣༦༡༽དང་དེའི་ཐུགས་སྲས་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གཉིས་ཡུལ་འདིར་སྐུ་འཁྲུངས་སོ།།

མི་རིགས། 

མི་རིགས་ནི་བོད་རིགས་སྟེ། ལོ་ངོ་སྟོང་ཕྲག་སྔོན་ནས་ཡུལ་འདིར་མི་འཚོ་གནས་བྱེད་ཀྱི་ཡོད་ལ། ཕྱིས་སུ་མངའ་རིས་དང་། དབུས་གཙང་ཕྱོགས་ནས་ཀྱང་མི་འབོར་ཆེན་སླེབས་མ་ཟད། ད་དུང་ཁམས་ཕྱོགས་ནས་ཡོང་བ་ཡང་ཡོད་པ་རུས་ཡིག་ཁག་ལས་ཤེས། དོལ་པོའི་སྐད་ཡིག་ནི་བོད་སྐད་གཙང་མ་ཡིན་ཞིང་། དེ་ལས་ཀྱང་མངའ་རིས་ཀྱི་སྐད་དང་ཧ་ཅང་མཐུན། དོལ་པོ་རྒྱན་ཆས་དང་མངའ་རིས་སྟོད་སྨད། ལ་སྟོད་ལྷོ་བྱང་། བལ་ཁོངས་སུ་གཏོགས་པའི་གློ་བོ་སྟོད་སྨད་དང་། ཤར་ཁུམ་བུ་སོགས་ཧི་མ་ལ་ཡའི་ས་ཁུལ་ཕལ་ཕལ་ཆེ་བ་རྩ་བའི་ཆ་ནས་གཅིག་མཚུངས་ཡིན་ཞིང་། ཡང་དོལ་པོ་རང་གི་ཐུན་མོང་མིན་པའི་མཚོན་མདངས་སྒྲིག་སྟངས་དང་། དབྱིབས་བཅོ་སྟངས་སོགས་ཐུན་མོང་མ་ཡིན་པ་ཧ་ཅང་མང་པོ་ཡོད།

རྩོམ་པ་པོ། དོལ་པོ་སྤྲུལ་སྐུ་འཆི་མེད་ཚེ་དབང་།

©དོལ་པོ་རིག་མཛོད་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྤེལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས།