དོལ་པོའི་དམངས་གཞས་སྤྱི་དང་དམིགས་བསལ་“རྒྱ་དར་རྩེ་མདོ་“ཞེས་པའི་དམངས་གཞས་གླེང་པ།

པདྨ་དགོས་འབྱོར།
རིག་གནས་དང་། ཆོས་ལུགས་ཀྱི་བྱེད་སྒོ། ཆས་གོས། གླུ་གཞས་སོགས་ཡོད་ཚད་གཅིག་ནས་གཅིག་ཏུ་དར་བའམ་ཤན་ཞུགས་པ་སོགས་སྤྱི་འགྲོས་ལྟར་སྣང་། ལར་དོལ་པོའི་དམངས་གཞས་སྐོར་ལ་ཕྱིར་འདང་ཞིག་བགྱིས་ཚེ་དོལ་པོ་རང་གི་མཐུན་མིན་དང་ཐུན་མོང་བ་བཅས་སྣ་ཚོགས་ཡོད་པ་ནི་གློ་བོ་དང་། མུ་གུམ། ཏབ་ལེ་རྫོང་པ་སོགས་ཀྱིས་ཚིག་དང་གདངས་རྣམས་གྲ་མ་ཉམས་ཤིང་། གྲུ་མ་ཞིག་པར་ངག་ནས་གྱེར་སྟངས་རེ་རེས་ཀྱང་གསལ་བརྗོད་བྱས་འོང་།
དར་སྔ་ཕྱིའི་དབང་གིས་སམ་མདོར་ན་གང་ལྟར་ཡང་གླུ་གཅིག་ལ་དོལ་པོ་དང་། གློ་བོ། མུ་གུམ། ཤར་བ་སོགས་ཀྱི་བར་ན་གདངས་དང་། ཞབས་བྲོ། རོལ་ཆ་ལྡན་མིན་ཐད་ནས་ཁྱད་པར་རེ་རེ་ཡོད། དོལ་པོར་སྤྱི་ཡོངས་ཀྱི་ཐད་ནས་གནའ་བོའི་རིག་གཞུང་གི་ཁྱིམ་གཞིས་ཆུང་ཆུང་ཞིག་ཡིན་ཞེས་བརྗོད་ནའང་དོན་ལ་མི་གནས་རྒྱུ་ཅིའང་མི་འདུག རིག་གཞུང་གཙང་མ་ཇི་སྙེད་ཅིག་ཡོད་པ་རེ་རེ་བཞིན་འདིར་གླེང་བར་ངལ་སྟབས་དགོས་དོན་ལྷག་པར་གང་ཡང་དབེན་པས་ཉ་དང་ཉུང་མ་བསྲེས་ཏེ་ཅི་བྱ།
སྐབས་ཐོག་དོལ་པོའི་དམངས་གཞས་ཏེ་དམངས་ཁྲོད་ན་དར་བའི་གླུ་གཞས་སྐོར་གླེང་བར་བྱ་བ་ལ། དེ་དག་གི་རྣམ་གྲངས་ཙམ་བརྗོད་ན་སྒོར་གཞས་དང་། སྐྲ་གླུ། སྙི་གླུ། བག་གླུ། ཆང་གླུ། ཁ་ཤགས་སམ་སོར་གདུབ་གླུ། བྱིས་པ་གཉིད་གླུ་སོགས་ཡོད། དེ་དག་ལས་སྒོར་གཞས་གཅིག་པུར་གླུ་སྣ་མ་འདྲ་བ་བཞི་བརྒྱ་ལྷག་ཙམ་དང་། གླུ་སྣ་རེར་གདངས་དང་ཞབས་བྲོ་མ་འདྲ་བ་རེ། སྒོར་གཞས་ལའང་གླུ་གསར་དང་གླུ་རྙིང་གཉིས་སུ་ཕྱེ་སྲོལ་བཅས་ཀྱང་མཆིས།
གླུ་ཚིག་གི་ནང་དོན་ལ་གཞིགས་ན་མངའ་རིས་སོགས་བོད་ནས་དར་བའི་གླུ་གཞས་དང་། ཕ་མེས་རྣམས་མི་ཡུལ་སྣ་ཚོགས་འགྲིམས་དུས་བདེ་སྡུག་གི་ཚོར་བ། དོལ་པོ་རང་གི་རི་ཆུ་ནགས་གསུམ། བླ་མ་དང་གནས་ལ་བསྟོད་པ་བཅས་གཙོ་བོ་སྡེ་ཚན་བཞིར་འདུས་ཡོད། ཉེ་ཆར་བདག་གིས་སྤེལ་བའི་”རྒྱ་དར་རྩེ་མདོ་“ཞེས་པ་བོད་ཀྱི་གཞས་པ་ཚེ་རིང་འགྱུར་མེད་ལགས་དང་། དོལ་པོའི་གཞས་པ་ཀརྨ་ཆོས་སྐྱབས། གཞས་མ་པདྨ་ཚེ་རིང་གསུམ་གྱིས་བླངས་པའི་གླུ་གཞས་དེའི་སྐོར་ལ་དྲ་ལམ་ནས་གླེང་སློང་ཤུགས་ཆེར་བྱས་སོང་བས། དེ་དག་ལས་གླེང་བྱ་གཙོ་བོ་ནི་ཇ་དར་རྩེ་མདོ་དང་། བོད་དར་རྩེ་མདོ། རྒྱ་དར་རྩེ་མདོ་གསུམ་པོ་གང་ཞིག་འཐད་པ་ཡིན་མིན་སྐོར་ལ་རེད། དེའི་སྐོར་འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་མཆོག་གིས། “མི་ཞིག་ཐག་རིང་ལ་འཁྱམས་ནས་མཚེར་གླུ་བླངས་པ་ཡིན་སྟབས། ཐག་རིང་གི་དཔེ་དེ་རྒྱ་དར་རྩེ་མདོ་བཞག གླུ་དེའི་ནང་ལ། མི་མ་འདྲིས་རྒྱ་ལ་[མིན།] བོད་[མིན་]རེད། ཟེར་བས་ཀྱང་གསལ་པོ་བཤད་འདུག” ཅེས་དང་། ཡང་“འདི་ནི་དོལ་བ་ཞིག་གིས་མཚེར་གླུ་བླངས་པ་རེད་འདུག་ག  མཚེར་དྲགས་ནས་ནམ་སྔ་ལངས་དང་ས་སྔ་རུབ་ལའང་འཁངས་འདུག་ག” ཅེས་གསུངས་པ་དེར་ཏན་ཏན་གོ་རྒྱུ་ཆེན་པོ་འདུག སྔོན་གྱི་མེས་པོ་ཚོ་ནང་མིར་ཁ་ཆེམས་བཞག་སྟེ་མི་ཡུལ་ལ་འགྲིམས་པའི་དོལ་པོའི་ཡིག་རྙིང་ཁག་ཏུ་གསལ། དཔེར་ན། “དབྱར་ཁ་སྐྱིད་རོང་སྐྱིད་བྱུང་། །དགུན་ཁ་བལ་བོ་སྐྱིད་བྱུང་།“ །ཞེས་དང་ཡང་། “བསམ་ནི་ཡམ་བུ་བསམ་སྟེ། །མཇལ་ནི་པོག་ར་མཇལ་བྱུང་། །པོག་རའི་མ་དང་མཁའ་འགྲོར། །ལུང་བསྟན་ཞུས་ནས་ལོག་ཡོད།“ །ཅེས་བླངས་པའི་གླུ་དེ་དག་ལས་ཀྱང་གསལ་པོར་རྟོགས་ཐུབ་པ་ལྟ་བུའོ།། །།

གཤམ་གྱི་དྲ་ཐག་ནས་གཞས་དེ་གསན་ཐུབ།