དོལ་པོའི་རི་མོ་པ་གྲགས་ཅན་བསྟན་འཛིན་ནོར་བུའི་ངོ་སྤྲོད།  

དེ་ཡང་དོལ་པོའི་རི་མོ་པ་གྲགས་ཅན་བླ་མ་བསྟན་འཛིན་ནོར་བུ་མཆོག་ནི་སྤྱི་ལོ་  ༡༩༧༡ ལོར་ཡབ་གྲྭ་ལུང་ལྷ་བྲིས་པ་གྲགས་ཅན་ཀརྨ་བསྟན་འཛིན་དང་ཡུམ་གཡང་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  ལོ་ན་ལྔ་དྲུག་གི་སྐབས་ནས་ཡབ་དམ་པ་དང་རྨོ་མོ་པདྨ་ནོར་སྐྱིད་ཀྱི་དྲུང་དུ་ཡི་གེ་འབྲི་ཀློག་སྦྱངས།  ལོ་གསུམ་སྒྲུབ་པ་ཐེངས་གསུམ་ཙམ་བཞུགས། དགུང་ལོ་དགུ་ནས་ཉི་ཤུའི་བར་ཡབ་དམ་པའི་དྲུང་དུ་རི་མོ་སྦྱངས།  ཁོང་ནི་དུས་རབས་བཅུ་བཞི་ལོ་མཇུག་ལ་འཁྲུངས་ཤིང་སྙན་གྲགས་ཅན་གྱི་བླ་མ་གྲྭ་ལུང་རྣམ་གྲོལ་བཟང་པོའི་གདུང་འཛིན་པའང་ཡིན།
ཁོང་གི་ཐུན་མིན་རི་མོའི་ཤུགས་རྐྱེན་ནི་མཎི་ལོ་ཆེན་གྱི་ཐང་ཀ་མང་པོ་བྲིས་པས་དང་ཆུང་དུས་ཡུལ་ལྗོངས་སོགས་འབྲི་རྒྱུར་དགའ་མོས་ཡོད་པའི་རྐྱེན་གྱིས་ཡིན་སྐོར་ཁོང་ཉིད་ཀྱིེས་གསུངས།  མ་ཎི་ལོ་ཆེན་ཐང་ཀའི་ནང་ཡུལ་ལྗོངས་དང་།  སེམས་ཅན་འདྲ་མིན་གྱི་གཟུགས་བརྙན་འབྲི་དགོས་པས་ཡིན། སྤྱིར་ན་ཁོང་ནི་ཆུང་དུས་ནས་ཡུལ་ལུང་གི་དངོས་ཡོད་ཀྱི་རྣམ་པ་འབྲི་རྒྱུར་དགའ་མོས་ཆེན་པོ་ཡོད་པའི་ཁར་སྐད་གྲགས་ཅན་གྱི་གློག་བརྙན་༼ ཧི་མ་ལ་ཡ།༽ འཁྲབ་ཁྲིད་པ་ཨེ་རིག་ཝེ་ལི་དང་ཐུག་ནས་ཤུགས་རྐྱེན་ཆེན་པོ་ཐེབས།  ཁོང་གིས་སྤྱི་ཚོགས་ཀྱི་སྣང་བརྙན་དང་འབྲེལ་བའི་དེབ་ 1) Himalaya, 2) Secret of the snow leopard, 3) Crystal Mountain, 4) Clear sky , Red Earth, Shantideva. བཅས་ཕ་རན་སིའི་(MILAN) དཔེ་སྐྲུན་ཁང་ཨ་རིའི་དཔེ་སྐྲུན་ཁང་ ( WIsdom) བཅས་ནས་སྔ་ཕྱིར་དེབ་ལྔ་དཔེ་བསྐྲུན་བྱས་ཟིན།
ཕ་རན་སིར་ཐེངས་མང་རི་མོའི་དུས་ཆེན་ལ་ཐེངས་བཅོ་ལྔ་ལྷག་ཙམ་འཛམ་གླིང་ཤར་ནུབ་ཀྱི་རི་མོ་པ་མཁས་དབང་དང་ལྷན་མཉམ་བཞུགས་བྱས། བལ་ལོ་༢༠༦༧ ལོར་བལ་ཡུལ་གཞུང་ནས་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་བཞེས་མཛད།  དོལ་པོ་ས་འདང་བསམ་ཡས་ཆོས་གླིང་དགོན་ལ་སོགས་པར་ལྡེབས་རིས་ཧ་ཅང་མང་པོ་སྐལ་ལྡན་རྣམས་ཀྱི་བསོད་ནམས་ཀྱི་རྟེན་དུ་བཞེངས།
ཁོང་ནི་དོལ་པོའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲྭ་ལུང་དགོན་གྱི་དབུ་བླ་ཡིན་པ་དང་།  ཕ་རན་སིའི་ཨན་ལེ་ལོང་གིས་རོགས་སྐྱོར་འོག་ཏི་ཀྱུར་སློབ་གྲྭ་གསར་འཛུགས་གནང་། ༼ ལས་རོགས་པོལ་ཏད་བླ་མ་ཀུན་དགའ་ཡིན། ༽ འཇའ་པན།  ཨ་རི།  མུ་གུམ།  དོལ་པོ་སོགས་ཕྱོགས་གང་ས་ནས་སློབ་མ་ཧ་ཅང་མང་པོ་ཡོད། བན་ཚང་སློབ་གྲྭའི་འཛིན་སྐྱོང་ཚོགས་ཆུང་གི་ཚོགས་གཙོ་སྤྱི་ལོ་ ༢༠༠༡  ད་ལོའི་བར་ལོ་ངོ་བཅོ་ལྔའི་རིང་ཚོགས་གཙོ་ཐུགས་འགན་བཞེས་བཞིན་པ་ཡིན་པ་མ་ཚད་ཡུ་རོབ་གཙོས་འཛམ་གླིང་ཡུལ་གྲུ་མང་པོར་མཚན་སྙན་དང་གདེང་འཇོག་མཐོ་བའི་རྒྱུ་རྩལ་པ་ཆེན་པོ་ཞིག་དང་ལྷག་པར་དུ་དུས་རབས་ཉེར་གཅིག་ནང་གངས་ཅན་དོལ་པོའི་མི་སྣ་གྲགས་ཅན་གཅིག་ཡིན།

©དོལ་པོ་རིག་མཛོད་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས།