ཕ་ཡུལ་དྲན་པ།

ཡངས་པའི་སྤང་ལྗོངས་སྟེང་ལ།།
མེ་ཏོག་རྣམ་པར་བཀྲ་སོང་།།
རྟ་ནོར་ལུག་གསུམ་འཛོམས་ནས།།
དགའ་སྐྱིད་དཔལ་ལ་རོལ་སོང་།།

རི་བོ་གངས་ཀྱིས་བརྒྱན་ཅིང་།།
བདུད་རྩི་ཆུ་བོ་བབས་བྱུང་།།
ཨེ་མ་ངོ་མཚར་ཡུལ་ལྗོངས།།
མངོན་སུམ་ལྷ་ཡུལ་ལྟ་བུ།།

དབུ་རྩེ་ཁ་བས་གཡོགས་པའི།།
སྙན་གྲགས་ཅན་གྱི་རི་བོ།།
ལོ་རྒྱུས་རང་བཞིན་ལྡན་པའི།།
གངས་ཅན་དོལ་པོའི་གནས་རི།།

བལྟས་ན་མཛེས་ཤིང་སྐྱིད་པ།།
འཛམ་གླིང་ས་ཡི་མཐོ་སྒང་།།
རིས་མེད་བསྟན་པ་དར་ས།།
མ་འོངས་ཞི་བདེའི་ལུང་པ།།

རྩི་ཤིང་མེ་ཏོག་མང་བ།།
ལྷ་ཡུལ་ལས་ཀྱང་སྐྱིད་པ།།
མིག་གིས་མཐོང་བ་ཙམ་གྱིས།།
ཡིད་ལ་བདེ་བ་བསྐྲུན་བྱུང་།།

ཁེར་རྐྱང་ཕ་ཡུལ་དྲན་དུས།།
མིག་ནས་མཆི་མ་ལྷུང་སོང་།།
རང་ཡུལ་ཕྱོགས་ལ་ལོག་རྒྱུར།།
སྨོན་ལམ་ཡང་ཡང་བཏང་ཡོད།།

དེ་འདྲའི་ངོ་མཚར་ཡུལ་ལྗོངས།།
དགའ་ལྡན་ལྷ་ཡི་ཞིང་རེད།།
ང་ནི་འདི་རུ་མི་སྡོད།།
རང་ཡུལ་ཕྱོགས་ལ་ལོག་འགྲོ།།

 

༢༠༡༩/ ༤ /༦ ཉིན་དོལ་པོ་པས།

 

 

འདིར་འཁོད་པའི་རྩོམ་ཡིག་རྣམས་རྩོམ་པ་པོའི་ཞེ་འདོད་ལས། རྩོམ་སྒྲིག་པའི་ཞེ་འདོད་ཡིན་པའི་ངེས་པ་མེད།