ཡང་རིགས་རུས་ཀྱི་སྐོར་ལ་ཅུང་ཙམ་གླེང་ན་སྙམ་པ་ཞིག་བྱུང་།

རྩོམ་པ་པོ། དོལ་པོ་སྤྲུལ་སྐུ་འཆི་མེད་ཚེ་དབང་།

ངས་འདི་ལྟར་གླེང་དོན་ནི་དེང་སང་འཛམ་གླིང་གང་སར་རིགས་རུས་བཟང་ངན་གྱི་མིང་ཐོག་ནས་མི་རིགས་ཀྱི་ཐོབ་ཐང་འདྲ་མཉམ་མེད་པའི་གནས་སྟངས་ཀྱི་མུན་ཁུང་དེ་ཕལ་ཆེ་བ་ཡལ་ཟིན་ཀྱང་འུ་ཅག་གི་ལུང་པ་ལ་སྔར་ཇི་ལྟར་ཡོད་པ་དེང་ཡང་དེ་བཞིན་ཏུ་གནས་པས་ཡིན། ཡུལ་ལུང་ཇི་ཙམ་ཡར་རྒྱས་ཀྱི་ངོ་བོར་སོང་བ་དེ་ཙམ་དུ་རིགས་རུས་ཀྱི་དབྱེ་འབྱེད་དེ་ཤུགས་ཆུང་ལ་ཡུལ་ལུང་ཇི་ཙམ་གྱི་ཡར་རྒྱས་མེད་པ་དེ་ཙམ་གྱི་རིགས་རུས་ཀྱི་གླེང་སློང་དེ་ཤུགས་ཆེར་ཡོང་གིན་ཡོད། སྔོན་གྱི་དུས་རབས་སྔོན་མ་དེ་དག་གི་སྐབས་ལ་ཨ་རི་རྒྱལ་ཁམས་ནའང་མི་རིགས་དབྱེ་འབྱེད་ཀྱི་ཁ་དབུགས་དེ་ཤུགས་ཆེར་འཁྲིགས་ནས་ཡོད། ཨཧྥཱ་རི་ཀའི་མི་རིགས་ནག་པོ་རྣམས་མི་ཡི་གནས་ཚད་དེ་ཙམ་ཚང་མེད་དུད་འགྲོའི་ཁོངས་སུ་གཏོགས་པ་ཡིན་ཞེས་བྲན་བཀོལ་གྱི་མནར་གཅོད་ཇི་ཙམ བཏང་ཡོད་པ་ལོ་རྒྱུས་གླེགས་བམ་ཁག་ནས་གསལ་བ་ལྟར་ཡིན།

འོན་ཀྱང་དུས་རབས་ཉི་ཤུ་ཙམ་ལ་སྐུ་ཞབས་མར་ཊིན་ལུ་ཋེར་ཀིང་ཁོང་གིས་བླ་ན་མེད་པའི་སྙིང་སྟོབས་དང་རྩོད་ལེན་ལ་བརྟེན་ནས་ད་ལྟ་མི་རིགས་ནག་པོ་རྣམས་ཨ་རིའི་གྲགས་ཅན་གྱི་གོ་གནས་གལ་ཆེན་དང་གནད་འགག་ཕལ་ཆེ་བ་བཟུང་ཡོད་པ་ལ་གཞིགས་ན་དུད་འགྲོའི་ཀླད་ཁམས་ནས་མཐོ་རིམ་སྲོག་ཆགས་ཀྱི་ཀླད་ཁམས་སུ་གྱུར་མེད་པའི་གཡོ་གཏམ་ལ་རྒོལ་ལན་ནན་མོ་ཞིག་སློག་པ་ཡིན། ཁ་སང་མཐོ་སྒང་ཉི་ཟེར་འདོན་ཐེངས་ལྔ་པར་ཨ་རི་ཁ་དབྱིངས་བརྟག་དཔྱད་ཁང་གི་གཙོ་འཛིན་ཡང་མི་རིགས་ནག་པོ་ཡིན་ལ་རྒྱུ་སྐར་མིག་དམར་ནང་ནས་ཆེས་ཐོག་མའི་གླུ་དབྱངས་འཛམ་གླིང་དུ་སྒྲོག་མཁན་གྱི་གཞས་མ་ཡང་མི་རིགས་ནག་པོ་ཡིན་ཞིང་། དེ་དག་གི་ལས་འགུལ་ལ་འཚམ་འདྲི་གནང་མཁན་གྱི་ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མ་ཡང་མི་རིགས་ནག་པོ་ཡིན་པས་སྐུ་ཞབས་མར་ཊིན་ལུ་ཋེར་ཀིང་གི་རྨི་ལམ་དེ་མངོན་སུམ་དུ་གྱུར་བ་ཡིན་པ་འདྲ་ཞེས་བཤད་འདུག་པ་དོན་ལ་གནས།

རྒྱ་གར་འཕགས་པའི་ཡུལ་དུ་ཧིན་དྷུའི་རིག་བྱེད་ཀྱི་གཏམ་རྒྱུད་ཀྱི་བསམ་བློའི་ཤན་ཤུགས་འོག་རིགས་མཐོ་དམན་གྱི་དབྱེ་འབྱེད་ཆེ་ཤོས་ཡོད་པའི་རྒྱལ་ཁམས་སུ་གཏོགས་པ་ཡིན་མོད། དུས་རབས་ཉི་ཤུའི་ནང་ལ་བྱོན་པའི་སེམས་དཔའ་ཆེན་པོ་ཌོཀ་ཊར་ཨམ་བྷེཊ་ཀར་གྱིས་བདེན་པའི་འཐབ་རྩོད་གྱིས་མཐའ་མ་རྒྱ་གར་རྒྱལ་ཡོངས་ཀྱི་རང་ཚུགས་ཤོར་དགོས་ཐུག་པ་ཡང་བདེན་པའི་འོད་སྣང་མ་བཟོད་པ་ལས་རྒྱ་གར་རྒྱལ་ཡོངས་ཀྱི་ལས་མི་རྣམས་ཤེས་ཡོན་མེད་པས་ཕོ་མ་བྱས་པ་དེ་འདྲ་གཏན་ནས་མིན། བོད་གངས་ཅན་ལྗོངས་སུ་ཡང་སྔོན་དུས་སུ་རིགས་རུས་བཟང་ངན་གྱི་གླེང་སློང་དེ་ཤུགས་ཆེར་ཡོད་ཀྱང་ཕྱིས་གུང་བྲན་གྱིས་བཙན་ཤུགས་བོད་ལ་བསླེབས་ནས་རྐྱེན་ངན་གྲོགས་ཤར་གྱིས་རིགས་རུས་ཀྱི་རྙོག་གླེང་དེ་རྩ་མེད་དུ་བཏང་བ་འདི་ཡང་མུན་ནག་ཁྲོད་ཀྱི་ཉི་ཞུར་ཞིག་ཅི་ལ་མིན།

དེ་བཞིན་དཔལ་ལྡན་འབྲུག་གི་རྒྱལ་ཁབ་དུ་འབྲུག་རྒྱལ་བཞི་པ་མཆོག་ནི་མཁྱེན་རྒྱ་རང་བཞིན་ལྡན་པའི་སྐྱེ་བུར་སོང་ཙང་རིགས་རུས་ཀྱི་རྙོག་གླེང་དེ་གཏན་མེད་གཏོང་གནང་མཛད་སྐད་འདུག   མ་གཞི་རྒྱལ་པོ་ཁོང་ནི་ཤེས་རིག་དང་ཡོན་ཏན་གྱིས་ཕུལ་དུ་བྱུང་ཞིང་རང་ཚུགས་དང་མི་བུའི་སྒལ་ཚིགས་མཁྲེགས་པའི་བློ་ལྡན་ཞིག་ཡིན་སྐད་འདུག་པས་འདི་ཙམ་གྱི་གནད་དོན་ཡང་མི་མཁྱེན་པ་མི་སྲིད་དོ།།

བལ་ཡུལ་རྒྱལ་ཁབ་གྱི་མའོ་ཚོགས་པས་ཀྱང་དེ་འདྲའི་གསར་བརྗེ་ཞིག་གནང་རྒྱུའི་སྒྲགས་གཏམ་སྤེལ་ཀྱང་ད་ལྟ་གཅིག་གྱུར་རང་བཞིན་ལྡན་པའི་ཁྲིམས་ལུགས་ཤིག་ཚུགས་མེད་པས་སམ་གང་ལྟར་རིགས་རུས་བཟང་ངན་གྱི་དབྱེ་འབྱེད་ཀྱི་སྐོར་འདི་ལ་ཚ་འུར་གྱིས་དགག་སྡོམ་ཞིག་བྱེད་ཀྱིན་ཡོད་སྐད་མ་ཐོས། དེ་ལས་དོལ་པོའི་མི་རིགས་ཀྱི་རིགས་རུས་དབྱེ་འབྱེད་བྱེད་སྟངས་དེ་ལས་ཁྱད་ཚར་བ་ཞིག་ནི་གཞིས་མི་དང་ཕྱོགས་མི་ཞེས་པའི་རྙོག་གླེང་དེ་ཡིན། མ་གཞི་རིགས་རུས་སྤྱི་ཡི་སྐོར་ལ་སྔར་ནས་རྩོམ་ཡིག་ཅིག་སྤེལ་བས་དེ་ཙམ་གྱིས་སྐྱར་གླེང་བྱེད་དགོས་པ་མེད་ཀྱང་ད་ལྟ་སྐབས་སུ་བབས་པ་ནི་དོལ་པོའི་གཞིས་མི་དང་ཕྱོགས་མི་ཞེས་པ་དེའི་སྐོར་ལ་ཡིན་པས་འགའ་ཞིག་གིས་ཐུགས་ལ་ཕོག་ཀྱང་སྲིད་མོད་དཀྱེལ་ཡངས་གནང་རོགས་ཞེས་ཐོག་མའི་རེ་སྐུལ་ཡིན།  དེ་ལ་དོལ་པོར་ཐོག་མར་རིགས་རུས་གང་ནས་བྱུང་བའི་སྐོར་ལ་ཤོད་ཚོད་ཐིགས་རྒྱུ་མེད་ཀྱང་། དེང་སང་ཡོངས་གྲགས་སུ་གཞིས་མིར་གྲགས་པ་རྣམས་ཀྱི་སྐོར་ལ་ཅུང་ཙམ་གླེང་ན། ཡུལ་སོ་སོར་རིགས་རུས་གྲགས་ཆེ་བ་རེ་རེ་ཡོད་ལ་དེ་དང་མཉམ་དུ་གྲགས་ཆུང་བའི་རིགས་རུས་ཀྱང་ཇི་སྙེད་ཅིག་ཡོད། དཔེར་ན་ས་ལྡང་གབ་པ་དང་ཀོ་ཐོག་བཀག་ཚ། ནམ་སྟོད་བུ་ཆུང་། སྟི་ལིང་ཆོས་འཁོར། ཀ་རང་ལྡོང་པོ། ཀྱི་བ་གཙོ་བསངས། ལྷོ་རི་དབོན་པོ། སྐུ་བ་སྟོད་མ་ཟེར་བ་སོགས་ཇི་ཙམ་ཡོད་པ་དེ་དག་ནི་ཡུལ་དེར་ཅུང་ཐོག་མར་ཆགས་པའི་མི་རིགས་ཡིན་ལ་གཞིས་མི་ཞེས་པ་ཡང་ཡིན། མ་གཞི་ཁོང་ཅག་ཀྱང་ཕྱོགས་མཐའ་ཁག་ནས་བསླེབས་པའི་མི་རིགས་ཡིན་ལ་ཡུལ་འདིར་བསླེབས་པའི་ལོ་རྒྱུས་ཀྱང་དེ་ཙམ་གྱི་ཡུན་རིང་ཞིག་ཡིན་ཚོད་མི་འདུག  འོན་ཀྱང་སུ་སྔོན་ལ་བསླེབས་པ་དེ་དག་གིས་ཕྱིས་སུ་བསླེབས་པ་རྣམ་ལ་བརྙས་བཅོས་བྱེད་པ་ནི་ཡུལ་ལུང་དང་ཚོགས་སྡེ་ཕལ་ཆེ་བ་ལ་ཡོད་པ་ནི་ཕྲུ་གུ་གསར་པ་དགོན་ཆུང་འགའ་ཞིག་ཏུ་བསླེབས་པ་དང་མཚུངས། དེ་ལྟར་ཡུལ་དེ་ཐོག་མར་འཛིན་མཁན་ཡིན་པའི་ཆ་ནས་དབང་ཚད་གང་འཚམས་ཤིག་ཁོང་ཅག་ལ་ཡོད་པ་སྨོས་མི་དགོས་ཀྱང་གཞན་ཐམས་ཅད་ནི་ཁོང་དང་གཙང་བཙོག་གཅིག་མཚུངས་མིན་པའི་ལྟ་ཚུལ་དེ་ཅུང་ལེགས་པོ་ཞིག་ཡིན་སྣང་མ་སྐྱེས། མ་གཞི་འཛམ་གླིང་སྤྱི་ཡོངས་ཀྱི་རིགས་རུས་རྙོག་གླེང་ལ་རྡོག་རྒྱག་གཞུས་པ་དང་ཐམས་ཅད་འགྱེལ་བ་གཅིག་མཚུངས་སུ་སོང་ཀྱང་འགའ་ཞིག་དབང་རྟུལ་དུ་སོང་དྲགས་པས་རེ་རེ་ནས་ངོ་སྤྲོད་དགོས་པ་འགའ་ཡང་ཡོད་དོ།། མི་རིགས་འཕེལ་ཚུལ་ལ་སྐྱེ་མེད་ཀྱི་དངོས་པོ་ནས་སྐྱེ་ལྡན་གྱི་ངོ་བོ་དང་། སྐྱེ་ལྡན་ནས་དམའ་རིམ་སྲོག་ཆགས་དང་། དེ་ནས་མཐོ་རིམ་སྲོག་ཆགས་སུ་འགྱུར་ཚུལ་སོགས་ཚན་རིག་ཕལ་ཆེ་བས་ཞལ་གཅིག་མཐུན་དུ་སོང་འདུག་པས་གནས་སྐབས་ཀྱི་མི་རིགས་ཀྱི་འབྱུང་ཚུལ་དེ་རང་ལ་ཐག་བཅད་ན་མི་འོས་རྒྱུ་གང་ཡང་མེད། དེ་ནི་དུད་འགྲོ་ནས་མིར་འགྱུར་ཚུལ་ཙམ་ཞིག་ལས་སྟེང་ལྷ་ནས་བབས་པ་དེ་འདྲ་ཡིན་བཟོ་གང་ཡང་མི་འདུག་མོད་མིར་འགྱུར་བའི་དུས་སྐབས་སྔ་ཕྱི་མི་འདྲ་བ་ཡོད་འདྲ་གསུང་ན་མ་གཏོགས་གཅིག་མཚུངས་རང་ཡིན། ཡང་ན་མི་འདི་སྤྲེལ་དང་མི་རྒོད་ནས་རྒྱུད་པ་ཡིན་པར་བཤད་པས་འགའ་ཞིག་སྤྲེལ་གྱི་རྒྱུད་པ་དང་འགའ་ཞིག་མི་རྒོད་ནས་བརྒྱུད་པ་ཡིན་པས་ཐོག་མའི་འབྱུང་ཁུངས་ལ་བཟང་ངན་གྱི་ཁྱད་པར་འདྲ་ཡོད་གསུངས་ན་མི་འཐད་དམ།  ཡང་འགའ་ཞིག་གིས་གསུངས་པ་ལྟར་ན་ཐོག་མར་ཁོའི་རིགས་མིང་ཇི་ལྟར་བྱས་ནས་ཐོགས་ཡོད་པ་དེ་ནས་བརྒྱུད་པ་ཡིན་པས་དེ་རང་བྱེད་དགོས། དཔེར་ན་སྟོན་པ་ཤཀྱཱའི་རིགས་སུ་འཁྲུངས་གསུངས་པ་བཞིན་ཡིན་པར་གསུངས་འདུག་པ་ལ་ཡང་དེ་ཙམ་གྱི་དོན་སྙིང་མེད། འུ་ཅག་གི་ཕ་ཡུལ་དུ་རིགས་བཟང་ངན་ཞེས་པ་དེ་དོན་དུ་ཤ་ཁྲག་ལ་གཙང་བཙོག་ཅིག་ཡོད་པའི་ལྟ་ཚུལ་དེ་རང་འདུག་པ་ལས་མིང་ཙམ་ཞིག་གི་འབོད་ཚུལ་ཡིན་ཚོད་མི་སྣང་།དེས་ཀྱང་ཡིད་མ་ཆེས་ན་མཁས་དབང་དགེ་ཆོས་ཀྱིས་ཁྱོད་ཀྱིས་ཁོང་ཁྲོ་ལངས་པའི་མི་ཞིག་ལ་ཁྱོད་བདེན་གྲུབ་ལ་ཁོང་ཁྲོ་ལངས་པ་རེད་དམ་ཡང་ན་མི་དེར་ཁོང་ཁྲོ་ལངས་པ་ཡིན་ཞེས་བྲིས་ན་ལན་འདོན་ངེས་གསུངས་པ་ལྟར། ཁྱེད་ཀྱིས་ཕ་ཡུལ་གྱི་མི་དག་ལ་ཁྱེད་ཀྱིས་རིགས་མཐོ་དམན་དེ་ཤ་ཁྲག་གཙང་བཙོག་ལ་ཟེར་གྱིན་ཡོད་དམ་ཡང་ན་རིགས་དམན་རྣམས་གང་ན་བརྒྱུད་པའི་ཐོག་མ་དེ་སྤྱོད་ངན་དང་མ་རབས་ཚ་བས་དེ་ཙམ་གྱིས་རིགས་དམན་དུ་འབོད་ཀྱིན་ཡོད་ཅེས་བྲིས་ན་ལན་འདེབས་པར་དོན་མི་ཟའོ།། མིང་འབོད་ཚུལ་ཙམ་ཡིན་ན་རིགས་བཟང་ངན་རྣམས་ཕན་ཚུན་འདྲེས་མི་རུང་ཞིང་འདྲེས་ན་ཆེན་པོ་རྣམ་ཀྱང་བཙོག་པར་གྱུར་ནས་དམན་པའི་གོ་སར་ལྷུང་འགྲོ། ཡང་གསེར་ཆུ་བཏུངས་ཤིང་གནས་རི་ལ་སྐོར་ཚད་ཕུལ་ནས་སླར་སོར་ཆུད་ཀྱིན་ཡོད་པར་བཤད་པ་དེ་དོན་མེད་དུ་སོང་འདུག   ཕྱོགས་གཞན་ཞིག་ནས་གླེང་ན་གནས་སྐོར་བ་ནི་སེམས་ཀྱི་སྡིག་པ་འཁྲུད་བྱེད་ཅིག་ཡིན་པ་དང་རིགས་བཟང་ངན་ནི་ཤ་ཁྲག་གི་སྟེང་ནས་ཡོད་དགོས་པར་འདོད་པས་དེ་ལ་སྐོར་བ་བསགས་ན་ཕན་ཐོགས་གང་ཞིག་ཡོད་དམ། གཅིག་བྱས་ན་དཀའ་སྡུག་གི་རྔུལ་ཆུའི་མཉམ་དུ་གཙོག་གྲིབ་རྣམས་ལུས་ཀྱི་ཟབ་ས་ནས་ཐོན་ཀྱིན་ཡོད་ནའང་ཐང་། དེ་ལྟར་ཡིན་ན་རྒྱ་གར་ཝར་ཎ་དང་རྡི་ལི་སོགས་སུ་ལོ་གཅིག་ཙམ་བཞུགས་ན་མི་ལེགས་སམ། ཡང་ན་རིགས་མཐོན་པོ་རྣམ་དམན་པའི་གོ་སར་བསྒྱེལ་བའི་བཤགས་སྦྱང་འདྲ་ཡིན་གསུངས་ན་མཛེས་མཛེས་འདྲ་འདུག་གམ་འདི་ནི་ཀུ་རེ་དང་འདྲེས་པའི་འཕྲོས་གཏམ་ཞིག་ཡིན། འཇིག་རྟེན་ན་དམོད་པར་འོས་པའི་བྱ་བ་ངན་པ་བྱེད་མཁན་ལ་རིགས་དམན་པར་བཏགས་ནས་རིགས་དམན་པ་ཡིན་དགོས་ཀྱིན་ཡོད་ན་བདག་ཅག་གི་སྟོན་པ་ཁོང་རང་ཡང་རིགས་དམན་པ་ཡིན་པའི་ཐལ་བ་ཞིག་ཅིས་ཀྱང་ཕོག་པར་སྣང་སྟེ། ཁོང་གི་རིགས་མིང་ཤཀྱཱ་ཞེས་ཐོགས་དོན་ཡང་འཇིག་རྟེན་ན་བསྔགས་པར་འོས་པའི་ལས་ཞིག་བྱས་ནས་ཐོགས་སྐད་མི་འདུག་ཏེ། མཐོ་བཙུན་གྲུབ་རྗེས། གང་ཞིག་བགྲོད་མིན་བགྲོད་བྱེད་པ།། དེ་དག་ཁྱོད་ཀྱི་བསྟན་ལ་སྨད།། གསུངས་པ་ཇི་བཞིན་ནོ།། ངས་བལྟས་ན་ཅིར་བཏང་བཟང་ངན་གྱི་དབྱེ་བ་མེད་པའི་རིགས་མིང་རྣམས་ནི་གྲགས་ཚུལ་ཙམ་ལས་འདི་ནས་འདི་ལྟར་ཐོགས་ཞེས་ཚད་བཀག་ཅིག་ཡོད་ཚོད་མི་འདུག་པས་མིང་ཐོགས་ཚུལ་སྣ་ཚོགས་ཤིག་ཡོད། ཅིར་མིང་ལ་ཐོགས་ཚུལ་སྣ་ཚོགས་ཡོད་པ་དེ་ལྟར་རིགས་མིང་ལའང་ཡོད་པ་ནི་ཡུལ་གྱི་སྒོ་ནས་ཐོགས་པ། བྱ་བའི་སྒོ་ནས་ཐོགས་པ། གང་ནས་བྱུང་སའི་ཁུངས་ཀྱི་སྒོ་ནས་བཏགས་པ། ཁ་དོག་གི་སྒོ་ནས་བཏགས་པ། དེ་ལྟར་སོགས་སྣ་ཚོགས་འདུག་པས་རིགས་ཞེས་དེ་ལྟར་བྱུང་ཚུལ་དང་དེ་དང་བརྒྱུད་པ་གཅིག་ཏུ་སོང་ཙང་དེ་མ་ཡིན་པ་རྣམས་ལ་རིགས་ཐ་དད་ཙམ་དུ་གར་བ་ནི་འོས་པ་ཡང་ཡིན་སྲིད་མོད་བྱ་བ་བཟང་ངན་དེ་ལ་གཞིགས་ནས་བཟང་ངན་ཞེས་འབོད་པ་ནི་བརྙས་གཏམ་དུ་མཐོང་། ཡང་བྱ་བ་དེ་ལྟར་བྱེད་མཁན་རྣམས་ཚེ་ཚེ་རབས་རབས་སུ་བྱ་བ་དེ་ལྟར་བྱེད་པས་དེ་དང་རིགས་འདྲེས་སུ་གྱུར་ན་འདྲེས་མཁན་རང་ཡང་བྱ་བ་དེ་ལྟར་བྱ་ངེས་པས་རིགས་དམན་པར་འདྲེས་མི་རུང་བར་བརྗོད་ཀྱིན་ཡོད་ན། ཁོང་གི་ཚེ་རབས་ཐམས་ཅད་དུ་ལས་དེ་ལྟར་བྱེད་པ་གཏན་ནས་མ་ངེས་ཤིང་རིགས་དམན་པར་བརྗོད་པ་དག་དེང་སང་ཡ་རབས་སྤྱོད་བཟང་དང་དྲང་བདེན། ལྷ་ཆོས་དང་མི་ཆོས་ཀྱི་སྒྲིག་གཞི་དང་ཁྲིམས་ལུགས་ལ་བརྩི་བཀུར་ཅན་ཇི་ཙམ་འདུག་པས་མཐོང་གསལ་ཡིན་ཀྱང་ཕྱོགས་གཅིག་ལས་མི་མཐོང་བའི་མིག་ཡ་ཞར་བ་དག་ལ་ཅི་ཆ། མ་གཞི་སྔོན་མའི་ལུགས་སྲོལ་ལྟར་ན་རིགས་དམན་རྣམས་མི་རབས་ཐ་དག་ཏུ་བྱ་བ་ངན་པ་དེ་ལ་བརྩོན་པ་ཡང་ཡིན་མོད་དེ་ནི་ཁོང་གི་མ་འཇོན་པ་དང་བྱེད་འདོད་ཀྱི་བློ་མ་སྐྱེས་པ་དེ་འདྲ་གཏན་ནས་མིན་པར་རིགས་མཐོན་པོར་འབོད་པ་རྣམས་ཀྱིས་བརྙས་བཅོས་ཀྱིས་བཞག་ཙང་ཁོང་ལ་བྱེད་ཐབས་མེད་པས་ཡིན། མདོར་ན་རིག་པའི་དཔའ་བོ་དྷརྨ་སངྒཱ་མཆོག་གིས། མི་ལ་གཙང་བཙོག་སྣ་ཚོགས་ཕྱེ་བ་འདི།། ཕུགས་སུ་གཏུགས་ན་མུ་སྟེགས་ཆོས་ལུགས་ཡིན།། གསུངས་པ་ལྟར་ཆོས་ལུགས་ཐམས་ཅད་ཀྱི་རྩ་བ་ནི་རྒྱ་གར་གྱི་བྲམ་ཟེའི་ཆོས་ལུགས་སམ་ཧིན་རྡུའི་ཆོས་ལུགས་འདི་ཡིན། མ་གཞི་ཆོས་ལུགས་འདི་ཡི་ཁོངས་སུ་རིག་གནས་དང་སྒྱུ་རྩལ། བསླབ་བྱ་སོགས་སྣ་ཚོགས་ཤིག་འདུས་ཡོད་པས་ཕུན་སུམ་ཚོགས་པའི་ཆོས་ལུགས་ཤིག་ཡིན་ཀྱང་དེ་ཉིད་བདག་གིར་བྱེད་མཁན་གྱི་ཆེ་རྒུ་རྣམས་ལ་ཡང་རིགས་ཀྱི་ཁེངས་པ་ཆེ་དྲགས་ནས་བྲམ་ཟེ་རྣམས་ཀྱི་རིག་བྱེད་ཀློག་པ་དང་། རྒྱལ་རིགས་རྣམས་ཀྱིས་ཆབ་སྲིད་སྐྱོང་བ། དམངས་རིགས་རྣམས་ཀྱིས་ལས་ཕལ་བ་བདག་ལ་བརྩོན་ཞིང་། གདོལ་བ་དག་གིས་ཉ་འཛིན་པ་དང་། རྔོན་རྒྱག་པ་སོགས་ལས་བྱ་མི་རུང་བའི་ཁྲིམས་ལུགས་ཤིག་ཆོས་ལུགས་དང་བསྲེས་ནས་བཞག་པ་ནི་རང་གི་ཁེ་དབང་བདག་སྐྱོང་བྱེད་པའི་དྲང་བདེན་མིན་པའི་ཁྲིམས་ལུགས་ཤིག་ཡིན་ཚོད། བྲམ་ཟེའི་གཞུང་ནས་བཤད་པའི་ལེགས་ཉེས་ཀྱི་བཤད་ཡམ་རྣམས་རྒྱ་གར་གྱི་ཡུལ་སྲོལ་གོམས་གཤིས་ཀྱི་ཁྲོད་ཏུ་ཤ་འདྲེས་རུས་འདྲེས་སུ་གྱུར་ཡོད་པར་རིག་པའི་དཔའ་བོ་དགེ་ཆོས་ཀྱིས་གསུངས་པ་ལྟར།  སངས་རྒྱས་ཆོས་ལུགས་དང་ལྷན་དུ་རིགས་མཐོ་དམན་གྱི་བར་ལ་གཙང་བཙོག་གི་ལྟ་ཚུལ་ཞིག་གངས་ཅན་ལྗོངས་སུ་དར་བར་སྔོན་ནོ།།བོད་དུ་རིགས་བཟང་ངན་གྱི་དབྱེ་འབྱེད་དེ་སྲོང་བཙན་གྱི་རྗེས་སུ་བྱུང་བ་ཞིག་མིན་ནམ་སྙམ། སྲོང་བཙན་གྱི་སྐབས་སུ་སྟོང་བཙན་མགར་ནི་ནང་བློན་གྱི་གྲས་སུ་གཏོགས་ཤིང་རྒྱལ་པོའི་བློ་འདོན་པ་གྲགས་ཆེན་ཞིག་ཀྱང་ཡིན། རྒྱལ་པོས་ཁོང་ལ་མཐོང་ཆེན་གནང་གིན་ཡོད་པས་ཕོར་བ་གཅིག་ཏུ་ཟ་བཏུང་གི་འབྲེལ་བ་ཡང་བྱུང་མེད་དམ་སྙམ། གང་ལྟར་སྲོང་བཙན་སྒམ་པོའི་སྔོན་དུ་བོད་ཀྱི་ལོ་རྒྱུས་ཁག་ཏུ་རིགས་བཟང་ངན་གྱི་གཏམ་དེ་ཕལ་ཆེར་མ་མཐོང་མོད་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་རིགས་དམན་པ་རྣམས་ལ་དམིགས་བསལ་གྱི་རྟགས་འདྲ་ཡང་རྒྱག་སྲོལ་ཡོད་སྐད་འདུག་པས་དེ་ནི་མཁན་སློབ་ཆོས་གསུམ་བོད་དུ་ཞལ་འཛོམས་ནས་རྒྱ་གར་གྱི་རིག་གནས་མང་པོ་ཞིག་བོད་ལ་ནང་འདྲེན་བྱས་པའི་དུམ་བུ་འདྲ་ཡིན་སྲིད། བོད་དུ་རིགས་མཐོ་དམན་གྱི་དབྱེ་འབྱེད་དེ་ཡང་དབུས་གཙང་དང་མངའ་རིས་ལས་མདོ་ཁམས་གཉིས་སུ་ཡོད་སྐད་མི་འདུག ཁམས་དང་ཨ་མདོའི་ལུང་པར་བཟོ་བོ་རྣམས་ལ་བཙོག་པ་དང་རིགས་ངན་དུ་མི་ལྟ་བ་མ་ཚད། ལག་ཤེས་ཅན་ཞེས་གུས་བཀུར་བྱ་ཡུལ་དུ་བརྩི་བཞིན་ཡོད་ཚུལ་མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་བས་གསུངས་འདུག འདི་ནི་རྣམ་དཔྱོད་ཅན་གྱི་ལས་ཞིག་སྟེ། གལ་ཏེ་ལྕགས་བཟོ་དང་གསེར་བཟོ་དག་ལ་བཙོག་པར་བརྩིས་ཏེ་དམན་པར་བལྟས་ན་ཡ་རབས་སུ་རློམ་པ་སུས་ཀྱང་ལས་དེ་ལ་རོལ་མི་སྲིད་པས་ན་འདི་ཡང་འུ་ཅག་གི་ཤེས་རིག་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀག་རྡོ་ཞིག་ཏུ་མི་འདོད་ཀ་མེད་ཡིན། ཡ་རབས་མ་རབས་སྤྱོད་པས་འབྱེད་ཟེར་སྲོལ་ལྟར་སྤྱོད་པ་བཟང་ངན་གྱིས་མི་རིགས་མཐོ་དམན་གྱི་དབྱེ་བ་འབྱེད་དགོས་ཡོད་ན་སྤྱོད་པ་དེ་ལ་ངེས་པ་གཏན་ནས་མ་མཐོང་། ལྷག་པར་དུ་རིགས་མཐོན་པོར་གྲགས་པ་དེ་དག་གིས་མི་གཞན་ལ་མཐོང་ཆུང་གཏོང་བ།  བརྙས་བཅོས་བྱེད་ཅིང་། ཆང་རག་འཐུང་བ། ཐ་མག་འཐེན་པ། ཕྲག་དོག་དང་མནབས་སེམས། འཁྲུག་འཛིང་བྱེད་ཀྱིན་ད་དུང་ཕ་བཟང་གི་བུ་ཡིན་ཞེས་ངར་ངར་རྫིག་རྫིག་གིས་ཇི་ཙམ་བཤད་ཀྱང་བཟོ་ལྟ་སྤྱོད་པ་རང་གིས་འབྲེལ་བཤད་བྱས་མི་འདུག་གམ།  དེ་བཞིན་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རྒྱ་གར་གྱི་རིགས་མཐོ་ཤོས་སུ་གྲགས་པའི་བྲམ་ཟེ་རྣམས་མི་གཞན་ལ་མཐོང་ཆུང་གཏོང་བ་དང་བརྙས་བཅོས་བྱེད་པ། གདོང་སྣ་ཉེར་དང་མི་འབྲལ་པ་ཡིན་པས་འགྲོགས་འདྲིས་སོགས་བྱ་མི་རིགས་ཚུལ་གསུངས་པ་ལྟར་ཡིན། རིགས་བཟང་ངན་འདི་ཐོག་མར་འབྱུང་སྟངས་ཀྱི་ཐད་ལ་ཕྱི་རོལ་བ་དག་གི་འདོད་པ་ལྟར་ན་བྲམ་ཟེ་ནི་ཚངས་པའི་ཁ་ནས་བྱུང་བ་དང་། རྒྱལ་རིགས་དཔུང་པ། དམངས་རིགས་རྐང་མཐིལ་ནས་བྱུང་བས་རིགས་བཟང་ངན་གྱིས་ཁྱད་དེ་ལྟར་ཡིན་པར་སྨྲ། མ་གཞི་རྒྱ་གར་ན་སྐབས་འགར་རྒྱལ་རིགས་ཆེ་བ་དང་སྐབས་འགར་བྲམ་ཟེ་མཐོ་བ་བྱས་ནས་བསྡད་ཀྱང་བསྟན་བཅོས་རྩོམ་མཁན་ཕལ་ཆེ་བ་བྲམ་ཟེ་ཡིན་པས་ཁོང་དག་ཆེ་ཤོས་ཡིན་པར་བསྒྲགས་སྐད། ནང་པ་པ་རྣམས་ཀྱིས་བཞི་བརྒྱ་པ་ལས་གསུངས་པ་ལྟར། རྣམ་པར་དཔྱད་ན་རིགས་ཞེས་བྱ་བའི་སྒོ་ནས་བཏགས་པ་ཙམ་ལས་ཅི་ཡང་མེད་དེ། སྐྱེ་རྒུ་སྐྱོང་བ་དང་། རྒྱལ་པོའི་བཀའ་བཞིན་བྱེད་པ།  ཞིང་རྨོ་བ་སྟེ་འཚོ་བའི་ཐབས་སུ་ཅོག་ལ་ཡང་བཏགས་པའི་སྒོ་ནས་རིགས་ཞེས་བསྙད་པ་དེས་ན་སེམས་ཅན་ཐམས་ཅད་ལ་རང་གི་ངོ་བོ་ཉིད་ཀྱི་རིགས་ལས་དབྱེ་བ་འགའ་ཡང་ཡོད་པ་མ་ཡིན་ནོ་གསུངས་པ་ལྟར་ཡིན། རིགས་མཐོ་དམན་གྱི་དབྱེ་འབྱེད་ངོ་མ་འབྱུང་ཚུལ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ཆེས་སྔ་མོའི་དུས་ན་རྗེ་བོའི་རིགས་ཁ་དོག་དཀར་པོ་ཅན་ཞིག་དང་། འཁོལ་བོའི་རིགས་ཁ་དོག་ནག་པོ་གཉིས་ཁོ་ན་མཆིས་ཤིང་། དེ་ཡང་རིགས་ཀྱི་སྐད་དོད་དུ་ཝརྞ་ཞེས་བརྗོད་པ་ཡིན་ཅིང་། དེ་ཡང་ཁ་དོག་བྱ་བ་ཡིན་པས། རིགས་གཉིས་ཀ་ཁ་དོག་གི་སྒོ་ནས་དབྱེ་བ་འབྱེད་པ་ཡིན་གསུངས་པ་ལྟར་ཐོག་མའི་འབྱུང་རྐྱེན་འདི་འདྲ་ཞིག་ཡིན་པ་ལས་གཙང་བཙོག་གི་དབྱེ་འབྱེད་ཅིག་མེད་བཟོ་འདུག དེ་ཡང་མདོག་བཟང་ངན་ཞེས་པ་འདྲ་ཡིན་བཟོ་འདུག་ཀྱང་ཕྱིས་སུ་རྗེ་བོའི་རིགས་ལས་རྒྱལ་རིགས་དང་བྲམ་ཟེ་སོགས་ལས་གནས་མི་འདྲ་བའི་དབང་གིས་ཁ་ཁར་གྱུར་བ་དང་ལྷན་སྔར་ཡོད་ཀྱི་མི་ནག་པོ་དག་བཟུང་ནས་རྐོ་བ་མཉེད་པ་དང་། ཏིལ་རྡུང་བ། མགར་བྱེད་པ་སོགས་ལས་དཀའ་རིགས་གང་ཡིན་བྱེད་དུ་བཅུག་ནས་བརྙས་ཐབས་ཀྱིས་བཞག་པས་དམངས་རིགས་བྱ་བ་བྱུང་ཞིང་ཕྱིས་ལས་དེ་དག་ཀྱང་དམངས་རིགས་ཀྱི་ལས་སུ་སོང་སྟེ། གསུངས་པ་འདི་ངས་སྔོན་རིགས་དམན་གྱིས་ལས་ངན་པ་དག་ལ་འཛུལ་བཞུགས་བྱས་པ་མིན་པར་ལས་དེ་ལྟ་བུར་སྤྱོད་པ་དག་ལ་རིགས་དམན་ཞེས་བརྙས་ཐབས་ཀྱིས་བཞག་པ་ཡིན་པར་བཤད་པ་དང་མཚུངས་འདུག་གོ།

མ་གཞི་ཐོག་མར་མདོག་ནག་རྣམས་ལ་རིགས་དམན་པ་ཞེས་པའི་མིང་བཏགས་ཙང་མི་མང་པོ་ཞིག་ཕ་མ་དང་ལུས་སེམས་གཉིས་ཀི་ཐད་ལ་འབྲེལ་བ་ཡང་གང་འཚམ་ཡང་འབྱུང་གིན་ཡོད་པས་མདོག་ནག་པའི་ཕ་མ་ལ་མདོག་ནག་པའི་བུ་ཕྲུག་འབྱུང་ཡང་ཆོག་པས་དེ་ཙམ་གྱིས་ཤ་ངན་རུས་ངན་དུ་འདོད་དགོས་པ་ཅང་མེད། དཀར་ནག་ནི་ཐ་དད་དུ་དབྱེ་གར་ཆོག་པ་ལས་འདི་བཟང་འདི་ངན་གྱི་ཁ་མཚོན་གཅོད་ཐུབ་པ་གང་ཡང་མེད།  འུ་ཅག་གིས་དཀར་པོ་མཛེས་ཤིང་ནག་པོ་མི་མཛེས་པར་མཐོང་དོན་ཡང་དཀར་པོ་ལ་གོམས་པ་ཤུགས་ཆེ་བའི་སྐྱོན་ཙམ་ལས་གང་ཡང་མིན། མ་གཞི་དེང་སང་འཛམ་གླིང་ན་ཆེས་ཐ་དད་དུ་གྱུར་བའི་རིགས་གསུམ་མམ་བཞི་ཞེས་གྲགས་པ་དག་ནི་མིའི་རིགས་ཡིན་པ་འདྲ་བ་ཙམ་ལས་གཞན་བད་དེ་ཐ་དད་དུ་གྱུར་བ་འདུག་པས་དེ་དག་གི་བར་འདི་དང་འདི་ཞེས་སོ་སོར་ངེས་པའི་གཤིས་སྤྱོད་དང་ཁ་དོག་སོགས་འབྲེལ་རྒྱུ་འདྲ་ཡོད་ན་མ་གཏོགས། རིགས་བཞི་པོ་སོ་སོའི་རིགས་མཐུན་ནང་དུ་ཁ་དོག་ལ་ངེས་པ་གཏན་ནས་མེད། དཔེར་ན་ཕ་མ་མདོག་ངན་ལ་བུ་མདོག་བཟང་དང་། བུ་མདོག་ངན་ལ་ཕ་མ་མདོག་བཟང་ཅན་སོགས་སྣ་ཚོགས་མཐོང་ཆོས་སུ་གྱུར་བ་འདི་ཀ་ཡིན།  ཕྱོགས་གཞན་ཞིག་ནས་བཤད་ན་ངལ་རྩོལ་གྱི་མི་རིགས་ནི་ཆར་ཆུ་དང་ཁ་རླུང་། ཉི་ཟེར་དང་ཐལ་རྡུལ་སོགས་ཀྱིས་མདོག་ངན་དུ་གཏོང་གིན་ཡོད་པས་དེས་ཀྱང་ཡིན་མི་སྲིད་དོན་ག་ལ་ཡོད། ལྕགས་བཟོ་བ་རྣམས་ནི་ལྕགས་ལས་དང་འབྲེལ་བ་ཆེ་བས་དེས་ཀྱང་ལྕགས་མདོག་ཐོན་གྱིན་ཡོད་པར་བཤད་པ་ལ་ཡང་རྒྱུ་མཚན་ཅུང་ཡང་ཡོད་པར་སེམས། དེ་ཡི་བདེན་དཔང་ཞིག་ནི་རིགས་དམན་དུ་འབོད་པའི་རྒྱུ་ཆེན་དག་གིས་བྱས་འདུག་སྟེ། གང་གི་ཕྱིར་ན་དེ་དག་གི་བུ་ཕྲུག་སུ་ཡང་ཤ་མདོག་ནག་པ་དང་། དབྱིབས་མི་ལེགས་པ་སོགས་གང་ཡང་མེད་པས་འདིས་ཀྱང་ཆོག་པར་སྙམ་མོ།། དེ་བཞིན་ཏུ་བྱ་སྤྱོད་བཟང་ངན་ཀྱང་གང་ལ་གོམས་པ་དེ་ལ་མཁས་ཞེས་པ་ལྟར་ཡིན་པ་ནི་བླ་མའི་བུ་ཕྲུག་ནི་ཆུང་ནས་ཆོས་འདོན་པ་དང་། དབང་སྐུར་ཚུལ་སོགས་བྱེད་པ་དང་། ཤན་པའི་བུ་ཕྲུག་གིས་སེམས་ཅན་གསོད་ཚུལ་བྱེད་པ་ཐམས་ཅད་ཀྱང་སྤྱི་ཚོགས་དང་རིག་གནས་ཀྱི་གོམས་གཤིས་ཀྱི་དབང་གིས་ཡིན་པར་འདོད།  དེང་སང་འཛམ་གླིང་མཁས་པ་དག་གིས་བུ་ཕྲུག་ནི་ཆུང་དུས་ནས་སློབ་གསོ་དང་རིག་གནས་ཀྱིས་ཤན་ཞུགས་ཆེ་བས། སྐྱེས་མ་ཐག་ནས་བྱིས་པ་རྣམས་ཡ་རབས་ཀྱི་སློབ་གསོ་ལ་འབད་དགོས་པར་གསུངས་པ་བཞིན་ནོ།། ཡང་འགའ་ཞིག་གིས་སྔོན་མ་ང་ཡིས་འགྲོ་བ་མི་ཡི་རིགས་ལ་མཐོ་དམན་མེད་པར་བཤད་པ་ལ་འགའ་ཞིག་གིས་རིགས་མེད་པར་བཤད་པའི་གོ་ནོར་ཐེབས་པ་འགའ་ཡང་ཡོད་ཚོད་འདུག་པས་ངས་རིགས་མེད་པར་གཏན་ནས་བཤད་མེད་ལ། རིགས་མཐོ་དམན་མེད་པར་བཤད་མེད་ཅེས་ཀྱང་བཤད་ན་འགྲིག འགྲོ་བ་མི་ཡི་རིགས་ལ་མཐོ་དམན་མེད་ཅེས་སྨྲས་པ་ཡིན་པ་ནི་རྩོམ་ཡིག་གི་སྟོད་སྨད་བར་གསུམ་གྱི་བརྗོད་བྱས་འབྲེལ་བཤད་བྱས་ཡོད་པས་ཚིག་ཙམ་གྱིས་ཨུ་ཚུགས་དེ་ཙམ་མི་གནང་བའི་རེ་སྐུལ་བྱེད་ཀྱིན་ཡོད། མི་གཤིས་སྤྱོད་བཟང་པོ་རྣམས་ཀྱི་བུ་ཕྲུག་རྣམས་ཀྱང་དུས་རྟག་ཏུ་བཟང་པོ་འབའ་ཞིག་འབྱུང་གིན་ཡོད་ན་ལྟ་རྒྱུ་ཞིག་ཡོད་ཀྱང་། ཕ་སྤྱོད་བཟང་ལ་བུ་སྤྱོད་ངན་བུ་སྤྱོད་བཟང་ལ་ཕ་སྤྱོད་ངན་ཅན་ཇི་ཙམ་ཡོད་པ་ཡང་ཟུར་ལྟས་ལེབ་མཐོང་ཡིན་པས་རྒྱས་པ་འཆད་ག་ལ་དགོས། དེ་བས་ན་ངེད་ཅག་གི་ཁ་དཔེ་ལ་ཡང་ཕ་གངས་དཀར་ལ་རྗེས་ཐོན་ཀྱང་བུ་བྱེ་མར་རྗེས་མི་ཐོན་ཞེས་དང་། གཞན་ཡང་ཕ་ཙནྡན་གྱི་སྡོང་པོ་ལ་བུ་ཆུ་ཤིང་གི་སྡོང་པོ་སྐྱེས་ཞེས་འུ་ཐུག་པའི་སྨྲེ་སྔགས་ཤོར་དགོས་ཀྱང་ཐུག་གིན་ཡོད་པ་ལྟར་ཡིན།འཇམ་མགོན་ས་པཎ་གྱིས། བཟང་པོའི་ཆོ་རིགས་སྤྱོད་པས་བསྲུང་།། སྤྱོད་པ་ཉམས་ན་རིགས་དོན་མེད།། ཙནྡན་དྲི་བཟང་སྐྱེ་བོ་དགའ།། དེ་བསྲེགས་སོལ་བ་སུ་ཞིག་ལེན། ཞེས་དང་། དེའི་འབྲེལ་བ་བློ་གསལ་བུང་བའི་བསྟི་གནས་ཞེས་པར། དེ་ཡང་སྔོན་བྱོན་སྐྱེས་བུ་བཟང་པོ་ཁྱད་དུ་འཕགས་པའི་ཆོ་རིགས་འཛིན་པ་རྣམས་ཀྱིས་ཕྱི་ལུས་ངག་གི་སྤྱོད་པ་བཟང་པོའི་སྒོ་ནས་རང་གི་ཆོ་རིགས་དེ་བསྲུངས་ཤིང་འཛིན་དགོས་པ་ལས་གླང་ཆེན་སྨྱོན་པ་ལྟ་བུའི་བག་མེད་ཀྱིས། སྤྱོད་པ་བཟང་པོ་ལས་ཉམས་ན་རིགས་རུས་ཇི་ལྟར་བཟང་ཞེས་གསུངས་པ་ལྟར་ཡིན་ནོ།།  དེ་དག་ལ་གཞིགས་ན་དེང་སང་གི་རིགས་བཟང་དུ་རློམ་པ་དག་གི་ཁྲོད་ན་མི་གསོད་ཅིང་ཆང་འཐུང་བ།རྐུན་མ་རྐུ་ཞིང་འཁྲུག་པ་རྒྱག་པ། གཞན་ཡང་ཆེ་ལ་འགྲན་སེམས་དང་ཆུང་ལ་བརྙས་བཅོས་ཤ་སྟག་བྱེད་མཁན་ཡང་ཇི་སྙེད་ཅིག་མཆིས་པས་ད་གཟོད་རིགས་ཀྱི་ཡོན་ཏན་ལྡན་འདུག་གམ། འགའ་ཞིག་གིས་ཕ་བཟང་གི་བུ་ནི་རིགས་བཟང་དང་ཕ་ངན་གྱི་བུ་དག་རིགས་ངན་ཡོང་ངེས་པའི་སྒྲུབ་བྱེད་དུ་རྟོལ་པོ་ཞེས་པ་དེ་ཕན་ཐོགས་ཆུང་རབས་དང་། དེ་མིན་གྱི་བེའུ་རྣམས་ལ་ཁྱད་ཆོས་ཆེ་རབས་ཀྱིས་དཔེས་འགྲེལ་གྱིན་པ་ཡང་རྒྱུ་མཚན་མ་མཚུངས་ཏེ། རྟོལ་པོ་དེ་ཕ་བཟང་གི་བུ་ཕྲུག་མ་རེད་དམ་ཞེ་ན་ལན་ཇི་ལྟར་འདེབས། ཕ་བཟང་གི་བུ་ཡིན་ཏེ། ཤར་ནུབ་གང་གིས་ཀྱང་ཁས་ལེན་པའི་ཧི་མ་ལ་ཡན་གྱི་ཁྱད་ནོར་གཡག་ཅེས་པ་དེའི་ཕྲུ་གུ་ཡིན་པའི་ཕྱིར། ད་རྟོལ་པོ་རིགས་བཟང་དུ་ཁས་ལེན་རྒྱུ་དང་གཡག་རིགས་ངན་དུ་ཁས་ལེན་རྒྱུ་གཉིས་ལས་མེད། དང་པོ་ལྟར་ན་རང་གི་དམ་བཅའ་ཉམས་ལ་གཉིས་པ་ལྟར་ན་འཇིག་རྟེན་ན་ཡོངས་སུ་གྲགས་པའི་རྣམ་གཞག་ལ་འགལ་བར་འགྱུར་རོ།།  གཞན་ཡང་མཛོ་རིགས་གྲགས་ཅན་འགྱིང་དཀར་གྱི་རྒྱུ་ཡང་རྟོལ་པོ་ཡིན་ཚུལ་སོགས་མང་ཙམ་གླེང་རྒྱུ་ཡོད་མོད་ཡིག་ཚོགས་ལས་འཇིགས་ནས་འདི་ཙམ་གྱིས་ཆོག་པར་བྱེད། ངས་དབུ་མ་བཞི་བརྒྱ་པ་ནས་རིགས་མཐོ་དམན་ཡང་བྱ་བའི་སྒོ་ནས་བཏགས་པ་ཙམ་ལས་དོན་དུ་མེད་ཚུལ་གྱི་ལུང་དྲངས་པ་ལ་འགའ་ཞིག་གིས་དོན་དམ་གཏན་འབེབས་ཀྱི་སྐབས་སུ་ཡིན་པར་འབྲེལ། འདི་ནི་ཞི་བརྒྱ་བར་ཐ་སྙད་ཀྱི་དེ་ཁོ་ན་ཉིད་གཏན་ལ་འབེབས་སྐབས་སུ་གསུངས་པ་ཞིག་ཡིན་པས་དོན་དམ་གཏན་ལ་འབེབས་པའི་རིགས་པ་ཡིན་ཞེས་སྨྲས་ཀྱང་དེ་ཙམ་གྱིས་དོན་ལ་གནས་པོ་ཞིག་མིན་པར་སྙམ། རྣམ་པར་དཔྱད་ན་གསུངས་པ་ནི་ཤིན་ཏུ་དཔྱད་ན་ཞེས་པའི་དོན་ཡིན་པས་ཤིན་ཏུ་དཔྱད་པ་ཙམ་གྱིས་དོན་དམ་གཏན་འབེབས་ཀྱི་རིགས་པར་གོ་དགོས་དོན་གང་ཡང་མེད། གལ་ཏེ་རིགས་མཐོ་དམན་དང་གཙང་བཙོག་ཡོད་པའི་དབང་དུ་བཏང་ནའང་རྒྱ་གར་ན་བྲམ་ཟེ་སོལ་བ་ལྟར་ནག་ཅིང་དམངས་རིགས་དུང་ལྟར་དཀར་པ་ཡང་ཡོད་པས་རིགས་རྣམས་ཕན་ཚུན་འདྲེས་ཡོད་པའི་རྟགས་སུ་མཁས་དབང་དགེ་ཆོས་ཀྱིས་གསུངས། དེ་ཙམ་མ་ཡིན་པར་རིགས་འདྲེས་ནས་དབྱེ་འབྱེད་བྱ་ནུས་དབེན་ཚུལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཀྱང་།དུས་ནི་ཤིན་ཏུ་ཡུན་རིང་འདས།། བུད་མེད་སེམས་ནི་ཤིན་ཏུ་གཡོ།། དེ་ཕྱིར་བྲམ་ཟེ་ཞེས་བྱའི་རིགས།། འགའ་ཡང་གང་ན་ཡོད་མ་ཡིན།། ཞེས་དང་། དེ་བཞིན་སློབ་ཨརྱཱ་དེ་བས་ཀྱང་།། འདས་དུས་ཤིན་ཏུ་རིང་བ་དང་།། མི་མོ་རྣམ་ཡིད་གཡོ་བ་སྟེ།།དེ་ཕྱིར་རྒྱལ་རིགས་ཞེས་བྱ་བ། རིགས་ལས་འགའ་ཡང་ཡོད་མ་ཡིན།། ཞེས་གསུངས་ཡོད་པས་འདི་དག་གསུང་དུས་ནི་ཆེས་སྔ་མོ་ཞིག་ཡིན་པས་དེང་སང་གི་དུས་ཚོད་ལ་ནི་དེ་བས་ཀྱང་མ་ངེས་པའོ།། དེ་བཞིན་དཔལ་ཆོས་ཀྱི་གྲགས་པས་ཀྱང་བྲམ་ཟེའི་རིགས་མ་ངེས་པའི་རྟགས་སུ་སྐྲ་སེར་མེད་པའི་ཕྱིར་སོགས་གསུངས་པ་ལྟར་སྔོན་གྱི་སློབ་དཔོན་དག་གིས་ཀྱང་རིགས་མཐོ་དམན་ལ་མ་ངེས་ཚུལ་མང་དུ་གསུངས།འགྲོ་བ་མི་རྣམས་སུ་རྒྱལ་དང་སུ་ཕམ་གྱི་འཐབ་འགྲན་ཁྲོད་དུ་རྒྱལ་ཁ་སུ་ལ་ཐོབ་པ་དེ་རང་ཆེ་བ་བྱ་རྒྱུ་ལས་གནས་ལུགས་དང་རྒྱུ་མཚན་གྱིས་འཇུག་ལྡོག་བྱེད་མཁན་ཤིན་ཏུ་གནས་ཀྱང་དཀོན། དོལ་ལྗོངས་སུ་བསླེབས་པའི་མི་རིགས་རྣམས་ཀྱི་རུས་ཡིག་ཁག་ལ་བལྟས་ན་གང་རྫིག་དང་གང་སྙན་གྱིས་བརྒྱན་པ་མ་གཏོགས་མེད་ཀྱང་དོན་ངོ་མར་ཞིབ་འཇུག་བྱས་ན་སྙིང་པོ་ཅི་ཡང་མེད། དཔེར་ན་ཀོ་ཕོ་ཞེས་པའི་རུས་ཡིག་དེ་གཅིག་པུ་ལ་བལྟས་ན་ཡང་དབུས་གཙང་དུ་ཁ་གཏད་ཅིག་དང་འགལ་བ་བྱུང་ནས་མི་བསད། དེ་ནས་འདུག་བཟོད་མ་བདེ་བས་གར་འཁྱམས་འདིར་འཁྱམས་མེད་པར་བྱས་ནས་ཡུལ་འདིར་བསླེབས་པ་ཡིན་ཚོད་འདུག་ཀྱང་ད་དུང་གནམ་ལྷའི་སྐུ་ལ་བསྡོས་པས་གནམ་ཐོག་བབས་ཀྱིས་བར་ཆད་བྱུང་ཚུལ་འདྲ་བཤད་པ་ཡང་སྙན་ཆ་རང་ཡིན།  གལ་ཏེ་དེ་འདྲ་ཞིག་བྱུང་ཡོད་ན་བྲོས་ཏེ་ཐར་བ་ཡང་ཁྱད་མཚར་ཞིག་ཅི་ལ་མིན། དེ་མིན་དོལ་པོའི་རིགས་གཞན་པ་དག་གི་རུས་ཡིག་མི་སྟོན་པར་གསང་བ་བྱེད་ཚུལ་ལ་གཞིགས་ནའང་སྟོན་བཟོད་ཞིག་མེད་པ་ལས་དེ་མིན་གསང་བ་མིན་པར་གསང་དགོས་ཅི་ཡང་མེད། དེ་དག་མཇལ་བའི་དུས་སྐབས་ཤིག་བྱུང་ན་ད་དུང་དགོད་བྲོ་བ་དང་ངུ་བྲོ་བའི་གསང་བ་མང་པོ་ཞིག་མཐོང་རྒྱུ་ཡོད་ངེས་ཡིན་ཀྱང་རེ་ཞིག་མུན་ནག་མདའ་འཕེན་མི་བྱེད། རིགས་ཀྱི་ཐོག་མའི་འབྱུང་ཁུངས་ནི་བོད་མིའུ་གདུང་དྲུག་ལ་ཁུངས་གཏུགས་ཡོད་ཀྱང་དེ་ནི་བོད་རིགས་སུ་ཞིག་ཡིན་ཀྱང་ཁུངས་མ་གཏུག་རང་གཏུག་ཡིན། དེ་འདྲའི་ཁུངས་གཏུགས་ཞིག་མ་བྱས་ན་ས་སྐྱའི་གདུང་རབས་ལྟར་ལྷ་དང་ཀླུ་ཞེས་པའི་རྫིག་གཏམ་ལྟ་བུ་ལས་དོན་དུ་གཞི་འཛིན་ས་གང་ཡང་མེད་པ་ཞིག་ཆགས་ངེས་ཡིན། གཞན་ཡང་རིགས་མཐོ་འདོད་ཀྱིས་བྱ་རྒྱལ་ཁྱུང་གི་སྒོང་ནང་ནས་བྱུང་ཟེར་བ་དང་།འོད་གསལ་ལྷ་ཡི་གདུང་རིགས་ལས་ཆད་བར་བཤད་པ་སོགས་དོལ་ཕྱོགས་ཀྱི་རིགས་འགའ་ཞིག་གི་འབྱུང་ཚུལ་སྐོར་ལའང་གཞི་འཛིན་ས་གང་ཡང་མེད་ལ་རང་ཉིད་གང་ནས་འབྱུང་སའི་ཁུངས་ཀྱང་བཤད་རྒྱུ་མེད་པ་མང་བར་འདུག་ཀྱང་། དེ་ལྟར་རྫིག་རྫིག་ཤོད་དོན་ནི་རང་གི་རིགས་ཀྱི་འབྱུང་ཁུངས་དེ་བཤད་ན་ངུ་བྲོ་བ་དང་ཞེ་ལོག་པ་ལས་མེད་ཀྱང་ལྷ་སྒྲུང་ལ་དགའ་བའི་མི་རྣམས་ཀྱི་སེམས་ཁམས་བྲིད་ནས་རང་གི་ཁེ་ཕན་སྒྲུབ་ཐབས་ཙམ་ཞིག་ཡིན་རྒྱུ་ལས་ཚད་མའི་འཇུག་པ་ཀུན་ལས་འདས་པ་ཞིག་ཏུ་མཐོང་། མ་གཞི་རང་དང་རིགས་རྒྱུད་གཅིག་ཏུ་གྱུར་པའི་བླ་མ་དང་དཔོན་པོ་སོགས་བྱས་རྗེས་དང་མིང་གྲགས་ཅན་ཡོད་ན་རང་རང་གི་གཟི་བརྗིད་ཏུ་བརྩི་བ་ནི་ལོས་ཀྱང་རུང་མོད། དེ་ལྟར་ཡོད་པའི་ང་རྒྱལ་གྱིས་གཞན་རྣམས་ལ་དེ་ལྟར་གནས་སྐབས་མ་བྱུང་བ་ཙམ་གྱིས་དམན་དང་ངན་ཞེས་ཚིག་གི་མདའ་མོ་འཕངས་ནས་སྔར་ཡང་མ་བྱུང་ཕྱིས་ཀྱང་མི་འབྱུང་བའི་ཞེ་ཤ་གཅོད་པ་ནི་རྣམ་དཔྱོད་ཅན་གྱི་ལས་སུ་སུས་ཀྱང་མི་འདོད། གནའ་སྔ་མོའི་དོལ་གྱི་གཞིས་མི་ངོ་མ་ནི་གང་ན་ཡོད་མ་ཤེས་ལ་གང་ནས་བྱུང་དང་གང་དུ་ནུབ་མིན་ཡང་མ་ཤེས་མོད། དེང་སང་གི་ང་ཆེ་ང་བཙུན་གྱི་ངར་སྐད་སྒྲོག་མི་དག་ནི་ཐམས་ཅད་ཕྱིས་སུ་བྱུང་བ་ཤ་སྟག་ཡིན་བཟོ་འདུག་ལ་ཁོང་རང་ཡང་ཕྱོགས་མི་རང་ཡིན་པ་ལས་གནའ་སྔ་མོ་ནས་ས་སྐྱེས་རྡོ་སྐྱེས་གང་ཡང་ཡིན་ཚོད་མི་འདུག  དཔེར་ན་ཀོ་ཕོ་ཞེས་པའི་རིགས་ནི་ས་ལྡང་ཐོག་མར་འཛིན་མཁན་དེ་ཡིན་ལ་ཁོང་གི་མི་རབས་མང་པོའི་རྗེས་སུ་ཀོ་ཐོག་བཀག་ཚ་ཞེས་པ་དེ་བྱུང་བར་བཤད། ས་ལྡང་གབ་པའི་རུས་འདི་བཀག་ཚ་ལས་ཀྱང་ཕྱིས་སུ་བསླེབས་སྐད་འདུག་ཀྱང་། ཁོང་གི་སྔོན་དུ་བསླེབས་པའི་ཀོ་ཕོ་དང་བཀག་ཚ་བ་དག་གིས་ཕྱོགས་མི་ཞེས་མིང་འདོགས་བྱས་མེད་པ་རེད། མིང་འདོགས་མི་བྱེད་དོན་ཡང་ཀོ་ཕོ་དང་བཀག་ཚ་གཉིས་རྒྱུད་གཅིག་ཏུ་སོང་བས་གཉེན་སྒྲིག་བྱེད་སྟངས་སོགས་ཀྱི་ཐད་ལ་ཅུང་དཀའ་ངལ་ཡོད་ཚོད་རེད། གབ་པ་དང་ཁོང་གཉིས་ཀྱི་བར་ལ་ཐག་ཉེ་བའི་བཤད་སྟངས་ཤིག་བྱས་ནས་གཉེན་ཉེ་བའི་འབྲེལ་བ་ཕར་བཞག་མིང་ཡང་གོ་མྱོང་མེད་པ་གཉིས་ཡུལ་གཅིག་ཏུ་འཛོམས་པས་འདི་ནི་བཀྲ་ཤིས་པའི་དོན་དག་ཅིག་ཅི་ལ་མིན། དེ་ནས་གབ་དང་བཀག་ཚ་གཉིས་ཕན་ཚུན་གཉེན་སྒྲིག་དང་མཛའ་མཐུན་གྱི་ལས་ལ་ཞུགས་ནས་ཕྱོགས་གཉིས་ཀའི་འཐུས་སྒོ་ཡོངས་སུ་ཚང་བར་གྱུར། དེ་ནས་བཟུང་གསར་དུ་ཕྱོགས་གཞན་ནས་ཡོངས་པ་དག་ལ་ཕྱོགས་མི་ཞེས་མིང་ངན་པ་ཞིག་བཏགས་ནས་ཟུར་འདོན་དང་ནག་གཡོག་གིས་ཟློས་གར་དེ་འཁྲབས་པ་ཡིན་ཚོད།ད་ལྟ་ཡང་གབ་དང་ཀོ་ཐོག་བཀག་ཚ་གཉིས་ཕན་ཚུན་གཉེན་སྒྲིག་སྲོལ་ཤུགས་ཆེན་གནས་ཡོད་པ་ཡང་ཐོག་མ་ཉིད་ནས་དེ་འདྲའི་ལུགས་ཐག་ཅིག་བར་མ་ཆད་པར་བསླེབས་ཡོད་པར་སེམས། དོལ་ལྗོངས་སུ་རིགས་མཐོན་པོར་འབོད་པ་དག་ནི་ཡུལ་དེར་ཐོག་མར་བསླེབས་པ་དང་། དཔའ་དཔུང་ཅུང་ཙམ་ཡོད་པ་རྣམས་ཡིན་པས་རུས་ཡིག་དང་རིགས་ཡིག་ཆེ་རྫིག་དང་རྩ་ཆེན་ཡིན་ཚུལ་ཇི་ཙམ་བསྐྲུན་ཡོད་ནའང་དེ་དག་ནི་ཁོང་རང་གི་རང་དབང་ཡིན་པས་འགྲིག་དང་མ་འགྲིག་སུས་ཤོད་ནུས། དཔེར་ན་གབ་དང་ཀོ་ཐོག་སོགས་ཐོག་མར་ཁང་པ་ཞིག་གི་མིང་རང་ཡིན་པར་འདུག་ཀྱང་ཕྱིས་སུ་རིགས་དེ་འཕེལ་རྒྱས་སུ་སོང་བ་དང་ཆབས་གཅིག་རིགས་མིང་དེ་ཡང་རྒྱ་ཆེ་རུ་སོང་བ་ཙམ་ཡིན། དེང་སང་བར་སྨད་ཀྱི་རུས། ལྷ་ཞིང་གི་རུས། སྐྱིད་ཕུག་གི་རུས་སོགས་བཏགས་ནས་མཚར་མཚར་འདྲ་བྱ་སྲིད་ཀྱང་དོན་ངོ་མ་གནའ་བོ་རིགས་མིང་འདོགས་སྟངས་ཕལ་ཆེ་བ་དེ་རང་ཡིན་ཚོད་འདུག དཔེར་ན་ངས་ཉི་འོད་འཆར་སླ་ཞིང་ནུབ་དཀའ་བའི་རི་སྒང་ཞིག་ཏུ་ཁང་པ་ཞིག་བཟོས་ནས་དེ་ལ་འོད་གསལ་སྒང་ཞེས་མིང་བཏགས་ནས་ཕྱིས་སུ་ཁྱིམ་མི་དེ་གང་འཚམས་ཤིག་འཕེལ་བ་དང་བསྟུན་དེ་རིགས་ཤིག་གི་མིང་དུ་གྱུར། ཕྱིས་སུ་རིགས་དེར་དབང་ཚད་གང་འཚམས་ཐོབ་པ་དང་དེའི་ཁོངས་གཏོགས་མི་རྣམ་དཔྱོད་ཅན་འགས་འོད་གསལ་ཞེས་པ་ནི་འོད་གསལ་ལྷ་ཡུལ་ནས་ཕེབས་ཞིང་། གནས་མཆོག་ག་གེ་མོའི་རྩེ་མོར་བབས་པས་སྒང་ཞེས་ཐོགས་པ་ཡིན་ནོ་ཞེས་བསྒྲགས་པ་བཞིན་ཡིན།  ད་དུང་རིགས་གཞན་འགའ་ཞིག་གིས་ཀོ་ཐོག་གི་རུས་མིང་ཐོགས་སྟངས་ལ་ཁང་པའི་གྱང་དང་རྩིག་པ་ཡོངས་སུ་གྲུབ་ཀྱང་ཐོག་འགེབས་རྒྱུའི་གདུང་མ་མེད་པར་ཀག་ཚ་༼འུ་ཐུག་པ༽བས་ཀོ་བའི་ཐོག་བཀབ་ནས་བསྡད་པས་ཀོ་ཐོག་ཀག་ཚ་ཞེས་ཐོགས་པ་ཡིན་ཞེས་སྨྲ་བཞིན་འདུག་པ་དག་ལ་ཡང་ཀུ་རེ་དེ་ཙམ་མ་གསུང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།  དེ་བཞིན་ད་ལྟའི་རིགས་དམན་པར་འབོད་པའི་མགར་བའི་ཁ་སྐད་དུ་གཙང་པོའི་སྦུགས། ཆུས་སྦངས་སོགས་ཟེར་གྱིན་འདུག་ཟེར་ནས་འུ་ཅག་གིས་བརྙས་གཏམ་འདྲ་བྱེད་པ་ནི་སྤྲེའུས་མི་ལ་རྔ་མི་འདུག་ཟེར་ནས་ཞད་བགད་བྱེད་པ་དང་གཅིག་མཚུངས་རང་ཡིན། འུ་ཅག་གིས་གཙང་པོའི་ཝུགས། ཆུས་ཝངས་སོགས་ཟེར་བ་དང་ཁོང་གི་ཁ་སྐད་གཉིས་བརྡ་དག་གི་སྲང་ལ་ཡང་ལྕི་ཞིག་བཅལ་ན་ད་གཟོད་ཤེས་ངེས་ཡིན། དེ་ཙམ་ལ་གཞིགས་ནས་ཀྱང་རང་ཅག་གི་རིགས་མཐོ་སྨན་སྒྲུབ་བྱེད་ཀྱི་ཁྱབ་པ་དེ་ཟུར་བལྟས་ལེབ་མཐོང་རང་ཡིན་འདུག  ངས་བསམ་ན་ཁོང་གི་ཁ་སྐད་དེ་བོད་དབུས་སྐད་དང་ཤིན་ཏུ་མཐུན་ཡང་ཁོང་སླེབ་དུས་ཕྱིས་སོང་བའི་རྐྱེན་གྱིས་སྔོན་མ་བ་དག་གིས་བརྙས་བཅོས་ཀྱི་བཞག་པས་ཕྱིས་སུ་སྐད་དེ་ཁོང་གིས་རྒྱུད་འཛིན་རང་བྱས་པ་ཡིན་ཚོད། མདོར་ན་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རྒྱ་གར་ན་བྲམ་ཟེ་ཚངས་པའི་ཁ་ནས་བྱུང་བར་བཤད་པ་ཡང་ལུང་ཙམ་ལས་གཞན་པའི་ཤེས་བྱེད་གང་ཡང་མེད། ལུང་ནི་སུས་ཀྱང་འབྲི་ཤེས་པར་གསུངས་པ་ལྟར་དོལ་པོའི་རུས་ཡིག་རྣམས་ཀྱང་ཕོ་མེད་སར་ནག་མོས་གཅིན་ལངས་དང་། བྱ་མེད་སར་ཞུམ་བུས་ནམ་ཚོད་འཛིན་པའི་ཚུལ་བྱས་ནས་བསྐྲུན་པ་རང་ཡིན་འདུག

དེ་ལས་ཀྱང་ཁྱད་མཚར་བ་ཞིག་ནི། གཞིས་མིར་འབོད་པ་དག་གིས་ཕྱོགས་མིར་འབོད་པའི་རིགས་ཡིག་དང་རུས་ཡིག་གང་ཡང་མེད་པ་རྣམས་ལ་ཁྱོད་ཀྱིས་ཆང་རྫ་མ་འདི་ཙམ་དང་དངོས་རྫས་དེ་ཙམ་ཞིག་ཁྱེར་ཤོག་དང་ད་གཟོད་ཁྱོད་ཀྱང་ངེད་ཀྱི་རིགས་ཁོངས་སུ་གཏོགས་པ་ཡིན་ཚུལ་སྨྲས་ནས་རྒྱུ་ནོར་དེ་ཙམ་ཞིག་སྤྲད་ན་ཁོང་གི་རུས་ཁོངས་སུ་བཙུད་ནས་རུས་བཅོལ་ཞེས་པ་ཡང་བྱེད་ཀྱིན་ཡོད་སྐད་དང་།  གལ་ཏེ་རུས་བཅོལ་བྱེད་པའི་རུས་རིན་མེད་པའམ་རུས་བཅོལ་བྱེད་འདོད་མེད་པ་དག་ལ་རིགས་དམན་དང་ཕྱོགས་མི་སོགས་མིང་འདོགས་འདྲ་མིན་བྱས་ནས་ཁ་བརྡུང་གཏོང་བ་སོགས་གནས་ལུགས་ལས་རིང་དུ་བརྒལ་བའི་ལུགས་སྲོལ་ཡ་མ་བཟུང་ཞིག་ཡོད་པར་གྲགས་སོ།།

དེ་ནས་བཟུང་ཁོང་ཡང་དེ་དག་གི་རུས་ཁོངས་སུ་བཙན་གྱིས་བཙུད་པ་ཡིན་པས་དེ་དག་དང་ཐོབ་ཐང་འདྲ་མཉམ་ཞིག་ཐོབ་པ་ཡིན་ཀྱང་ཤ་ཁྲག་གི་འབྲེལ་བ་ནི་ཆང་དང་རྒྱུ་སྤྲད་པ་ཙམ་གྱིས་གཅིག་ཏུ་འགྱུར་ཐབས་གཏན་ནས་མེད་ཀྱང་དེ་ནས་བཟུང་གཉེན་སྒྲིག་དང་ཁ་ཕོར་སོགས་གཅིག་ཏུ་སྤྱོད་རུང་བས་ན་ད་གཟོད་ཁོང་གཉིས་ཤ་འདྲེས་རུས་འདྲེས་སུ་སོང་བ་ཡིན། ད་དུང་ཕྱོགས་མི་རྣམས་ལ་ཁྲལ་ཆེ་བས་ཁོང་རྣམ་པས་སྐྱོབས་པ་ཡིན་སོགས་ངོ་ཚ་བྲལ་བའི་གཏམ་མང་དུ་སྨྲ་ཡང་དེ་འདྲ་ཡིན་ན་ཁོང་ཅག་ལ་རུས་བཅོལ་གྱི་གོང་ཚད་མི་སྤྲོད་མཁན་དག་ལ་རིགས་དམན་པ་དང་ངན་པ་སོགས་ཀྱིས་ཁ་བརྡུང་གཏོང་དགོས་པའི་རྒྱུ་མཚན་ཡང་མི་འདུག་པས་དེ་ཙམ་གྱིས་འགལ་བ་ཡོད་པའི་བསམ་གཞིགས་ཀྱང་མ་འཁོར་བ་ཡ་ཆ། རིགས་འདྲེས་སུ་གྱུར་བ་ན་ཁོང་ཡང་དོལ་པོའི་བཤད་སྟངས་ལྟར་བྱས་ན་རིགས་རུས་བཅོལ་བྱ་དེ་རིགས་དམན་ཞིག་ཡིན་ན་དེ་དག་གི་གོ་སར་ལྷུང་བ་ཡིན་པས་ད་གཟོད་སློབ་དཔོན་ཨརྱཱ་དེ་བ་དང་ལེགས་ལྡན་འབྱེད་སོགས་ཀྱིས་གསུངས་པའི་རིགས་མ་ངེས་པའི་གཏན་ཚིགས་རྣམས་ལ་བདེན་ཁ་ཞིག་བྱིན་པ་ཡིན། དེ་དང་དེ་ལ་སོགས་གཡག་ཞར་གྱི་རྩྭ་ཟ་བའི་རྟུལ་ཞུགས་མ་བཟུང་བར་དྲང་པོས་དཔྱད་ན་ཐོག་མའི་རིགས་བཟང་ངན་གྱི་འབྱུང་ཁུངས་དང་། བར་དུ་གནས་པའི་རྒྱུད་རིམ། མཐའ་མ་གང་དུ་ཐིམ་ཚུལ་སོགས་ཡོངས་རྫོགས་དཔྱད་མི་བཟོད་པ་འབའ་ཞིག་ཡིན་འདུག་ཅེས་སྨྲ་བར་འདོད། བོད་རིགས་ཀྱི་འབྱུང་ཁུངས་སྤྲེལ་དང་བྲག་སྲིན་སོགས་ལས་ཆད་པའི་མིའུ་གདུང་དྲུག་བྱུང་ཚུལ་སོགས་ཀྱིས་འུ་ཅག་ཁ་བ་རི་བ་རྣམས་ཀྱི་རིགས་ལ་གཙང་བཙོག་གི་དབྱེ་བ་མེད་པའི་དཀར་འདོན་བྱེད་མི་དགོས་པར་འགྲོ་བ་མི་སྤྱིའི་རིགས་རུས་མ་ངེས་པའི་སྐོར་མདོ་ཙམ་བཤད་པ་འདིས་ཆོག་པར་སེམས། གང་ལྟར་རིགས་མཐོ་དམན་དུ་ལྟ་བ་ནི་མི་བུའི་ཐོབ་ཐང་འདྲ་མཉམ་མིན་པའི་ལྟ་ཚུལ་ཡིན་པས་ཕོ་མོ་བརྩེ་དུང་དང་དཔལ་འབྱོར། ཆོས་ལུགས་དང་དད་མོས། ཡུལ་སྲོལ་གོམ་གཤིས་སོགས་གང་གི་ཐོག་ལའང་བཀག་རྒྱ་ཆེན་པོ་ཞིག་ཐེབས་ཡོད་ཅེས་བརྗོད་པ་ཡིན་ནོ།།

རང་ཉིད་ཅི་ཞིག་ཡིན་པར་མི་སེམས་ལ།། རང་ཉིད་གང་ཞིག་ཡིན་པར་མ་འཁེངས་མོད།།

རང་ཉིད་མི་ཞིག་ཡིན་པའི་ང་རྒྱལ་གྱིས།། མི་ཀུན་འདྲ་མཉམ་ཡིན་པའི་ལྟ་ཚུལ་མཆིས།།

ས་སྐྱ་ལྷ་ནས་བྱུང་ཚུལ་མཚར་ན་ཡང་།། གཉའ་ཁྲི་རྒྱ་གར་ཡིན་ཚུལ་རྫིག་ན་ཡང་།།

རིགས་རུས་མཐོན་པོར་སྒྲུབ་པའི་གཡོ་གཏམ་ལས།།གནས་ལུགས་མིག་གིས་བཙལ་ན་དཔྱད་བཟོད་མིན།།

 

སྤྲུལ་མིང་འཛིན་པ་འཆི་མེད་ཚེ་དབང་ངམ་མཐོ་སྒང་གི་གཡག་རྒོད་རོག་པོར་འབོད་པའི་འདུ་ཤེས་གསུམ་ལྡན་པ་དེས་དུར་ཁྲོད་ཆེན་པོ་ལྷུན་གྲུབ་བརྩེགས་པའི་ཉེ་འདབས་སུ་བྲིས།

 

©དོལ་པོ་རིག་མཛོད་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས།