ཤར་ནོར་བུ་རི།

 

ཤར་ནོར་བུ་རིའི་གོ་རི་མགོ་ནས།། རི་མགོ་ནས།

སྤྲིན་དཀར་པོའི་སྒོ་བཞི་གོ་འགྲིག་ནས་བྱུང།།

སྤྲིན་དཀར་པོའི་སྒོ་བཞི་གོ་འགྲིག་ནས་བྱུང།།

སྤྲིན་དཀར་པོའི་སྒོ་བཞི་གོ་འགྲིག་ཟེར་ན། །འགྲིག་ཟེར་ན།

གནམ་སྔོན་མོའི་སྦྲང་ཆར་གོ་བབས་ནི་བྱུང།།

གནམ་སྔོན་མོའི་སྦྲང་ཆར་གོ་བབས་ནི་བྱུང།།

གནམ་སྔོན་མོའི་སྦྲང་ཆར་གོ་བབས་ཟེར་ན། །བབས་ཟེར་ན།

རྩྭ་སེར་ལོ་ལྗང་པ་གོ་སྐྱེས་ནས་བྱུང།།

རྩྭ་སེར་ལོ་ལྗང་པ་གོ་སྐྱེས་ནི་བྱུང།།

རྩྭ་སེར་ལོ་ལྗང་པ་གོ་སྐྱེས་ཟེར་ན། །སྐྱེས་ཟེར་ན།

འབྲི་ནོར་གྱི་ནུ་རྩི་གོ་རྒྱས་ནི་བྱུང།།

འབྲི་ནོར་གྱི་ནུ་རྩི་གོ་རྒྱས་ནི་བྱུང།།

འབྲི་ནོར་གྱི་ནུ་རྩི་གོ་རྒྱས་ཟེར་ན། །རྒྱས་ཟེར་ན།

ཟོ་གསེར་ཟོམ་འོ་མས་གོ་གང་ནི་བྱུང།།

ཡང་གསེར་གཟོམ་འོ་མས་གོ་གང་ནས་བྱུང།།

ཟོ་གསེར་ཟོམ་འོ་མས་གོ་གང་ཟེར་ན། །གང་ཟེར་ན།

ཡར་དཀོན་མཆོག་གསུམ་ལ་གོ་མཆོད་པ་འབུལ།།

མར་ངན་སོང་གསུམ་ལ་གོ་སྦྱིན་པ་གཏོང་།།

འགྲོ་ཡོད་པའི་རྟ་ཕོ་ཁོ་འགྲོས་ལ་ཕེབས།

།འགྲོས་ལ་ཕེབས།

འགྲོས་མེད་པའི་རྟ་ཕོ་ཁོ་ར་ལ་ལོག།།

འགྲོས་མེད་པའི་རྟ་ཕོ་ཁོ་ར་ལ་ལོག།།

རྟ་ཕོ་མཚན་ལྡན་རྐྱང་པ་ཁོ་འགྲོས་ལ་ཕེབས།

།འགྲོས་ལ་ཕེབས།

འགྲོས་གོམ་པ་གཉིས་ཀྱི་གོ་ཁྲོམ་མདོག་ཆོད།།

འགྲོས་གོམ་པ་གཉིས་ཀྱི་གོ་ཁྲོམ་མདོག་ཆོད།།

གཞས་ཡོད་པའི་མི་ཕོ་གོ་གཞས་ལ་ཕེབས།

།གཞས་ལ་ཕེབས།

གཞས་མེད་པའི་མི་ཕོ་ཁོ་གཟིགས་མོ་གཟིགས།།

གཞས་མེད་པའི་མི་ཕོ་ཁོ་གཟིགས་མོ་གཟིགས།།

མི་ཕོོ་ཁམས་གསུམ་དབང་འདུས་ཁོ་གཞས་ལ་ཕེབས།

།གཞས་ལ་ཕེབས།

གླུ་ཞབས་བྲོ་གཉིས་ཀྱི་ཁོ་མཆེད་གྲོགས་ཡིན།།

ཡང་ཞབས་བྲོ་གཉིས་ཀྱི་ཁོ་མཆེད་གྲོགས་ཡིན།།

མཆེད་གྲོགས་དང་མཆེད་གྲོགས་ཁོ་འདྲ་ས་མེད།། འདྲ་ས་མེད།

གནས་བཟང་པོ་སྐོར་རའི་གོ་མཆེད་གྲོགས་ཡིན།།

ཡང་བཟང་པོ་སྐོར་རའི་གོ་མཆེད་གྲོགས་ཡིན།།

 

མཐོ་སྒང་དོལ་པོའི་དམངས་གླུ་ཕྱོགས་བསྡུས་ལས་དྲངས།