ས་ལྡང་སུ་ཞིང་བླ་བྲང་གི་གསོ་བ་རིག་པའི་བླ་རབས་རིམ་བྱོན་གྱི་ངོ་སྤྲོད།

དོལ་པོ་ཤེལ་རིའི་མཆོག་སྤྲུལ་རིན་པོ་ཆེ། དེ་ཡང་་དོལ་ཕྱོགས་ན་ཡོངས་སུ་གྲགས་པའི་བླ་ཆེན་ཤེལ་རིའི་མཆོག་སྤྲུལ་སྐུ་ཕྲེང་གསུམ་པ་ཨོ་རྒྱན་བསྟན་འཛིན་རབ་རྒྱས་རིན་པོ་ཆེ་མཆོག་ནི་དོལ་པོ་ས་ལྡང་གབ་པའི་རིགས་སུ་སྐུ་འཁྲུངས། རྒྱལ་དབང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ་བླ་མར་བསྟེན་ནས་དབང་ལུང་ཁྲིད་གསུམ་བུམ་པ་གང་བྱོའི་ཚུལ་དུ་གསན་ཅིང་། རྒྱལ་དབང་མཆོག་གིས་གཏེར་སྟོན་དུ་ལུང་བསྟན་གནང་ནས་ཉིད་ཀྱི་སྲིང་མོ་གཏེར་ཡུམ་དུ་བསྩལ་ཀྱང་རྟེན་འབྲེལ་གཞན་དབང་དུ་གྱུར་མོད། གཏེར་ཆེན་མཆོག་གྱུར་གླིང་པའི་ཆོས་བདག་ཏུ་ལུང་གིས་ཟིན་པ་ལྟར་དོལ་ཕྱོགས་འདིར་མཆོག་གླིང་གཏེར་གསར་དང་རིན་ཆེན་གཏེར་མཛོད་ཆེན་མོ་ཐོག་མར་གདན་འདྲེན་མཛད་པ་པོ་ཡང་ཡིན། ཕྱིས་དོལ་ཕྱོགས་སུ་ནད་ངན་ཞིག་མཆེད་ནས་མི་མང་པོའི་ཚེ་སྲོག་ཤོར་བ་ལ་བསམ་བཞིན་དུ་བདག་གཞན་བརྗེ་བའི་ཐུགས་བསྐྱེད་ཆེན་པོས་ནད་ངན་དེ་བཞེས་ནས་སྐུ་གཤེགས་པ་དང་ནད་དེ་རྒྱུན་ཆད་པར་གྱུར་ཏོ།།

ཕྱག་མཛོད་པདྨ་དབང་རྒྱལ་རིན་པོ་ཆེ། ཕྱག་མཛོད་པདྨ་དབང་རྒྱལ་རིན་པོ་ཆེ་མཆོག་ནི་ཤེལ་རི་མཆོག་སྤྲུལ་གྱི་གཅུང་དུ་འཁྲུངས་ཤིང་ཐོས་བསམ་སྒོམ་གསུམ་གྱིས་སྐུ་ཚེ་འདའ་བར་མཛད་པ་དང་། རིག་གནས་སྤྱི་དང་ལྷག་པར་གསོ་བ་རིག་པ་དང་བཟོ་རིག་པ་ལྷ་སྐུ་རྟེན་གསུམ་ལ་ཧ་ཅང་མཁྱེན་རྒྱ་ཆེ། འཚོ་བའི་ཆ་རྐྱེན་ཞན་པའི་ས་མཐོ་དེར་མི་ངོ་དང་རྒྱུ་དཔུང་ལ་མི་གཟིགས་པར་པར་ཉམ་ཐག་པའི་ནད་པ་ཧ་ཅང་མང་པོ་རིན་མེད་ཐོག་ནས་སྨན་བཅོས་ཀྱིས་ཚེ་སྲོག་གི་འཇིགས་པ་ལས་སྐྱོབ་པར་མཛད། སྐུ་ཞབས་ཆོས་མཛད་ཅེས་པའི་བུ་མོའི་མག་པ་མཛད་སྐབས་ཁྱིམ་ཚང་དེས་གཞན་ལ་བུ་ལོན་ཧ་ཅང་མང་པོ་ལེན་རྒྱུ་ཡོད་པ་རྣམས་ཀྱང་སྟོབས་འབྱོར་ཞན་པའི་མི་མང་རྣམས་ལ་སྙིང་རྗེ་ཆེན་པོས་བུན་ཐོ་ཆ་ཚང་མེར་བསྲེགས་བཏང་བ་སོགས་བཀའ་དྲིན་འགྲན་ཟླ་དང་བྲལ་བ་ཞིག་ཡིན་ནོ།།

ཨམ་ཆི་བླ་མ་བསྟན་འཛིན་རིན་པོ་ཆེ། བླ་མ་བསྟན་འཛིན་རིན་པོ་ཆེ་མཆོག་ནི་ཕྱག་མཛོད་པདྨ་དབང་རྒྱལ་གྱི་སྲས་ཡིན་ཞིང་། ཉིད་ཀྱི་ཡབ་སོགས་བླ་མ་རྣམས་ཀྱི་སྐུ་མདུན་ནས་གདམས་པ་ལེགས་པར་མནོས་ཏེ་ཉམས་ལེན་ལ་གཅིག་ཏུ་གཞོལ་བ་དང་། ཁྱད་པར་དུ་ཉམ་ཐག་སེམས་ཅན་རྣམས་ལ་ཚེ་འདིར་ཁ་ཚ་དགོས་གཏུག་གི་ཕན་ཐོགས་ཆེ་ཤོས་དེ་གསོ་རིག་འདི་ཉིད་ཡིན་པར་གཟིགས་ནས་གསོ་བ་རིག་པ་མཐར་ཕྱིན་པ་སྦྱོང གནང་མཛད་ཅིང་། ཤེལ་དགོན་པ་དང་ཡུལ་གཉིས་བར་ལ་ས་ཐག་རིང་ཞིང་དགུན་དུས་འགྲོ་ལམ་མི་བདེ་སྟབས་ནད་པ་མང་པོར་དཀའ་ངལ་ཆེ་བར་གཟིགས་ཏེ་ཕྱིས་ས་ལྡང་ཡུལ་དུ་བཞུགས་ནས་ཡུལ་གྱི་དབུ་བླ་དང་སྨན་བཅོས་ཐོག་ནས་འགྲོ་དོན་རྒྱ་ཆེན་པོ་སྐྱོང་བར་མཛད་དོ།།

ཨམ་ཆི་བླ་མ་དོན་གྲུབ། བླ་མ་དོན་གྲུབ་མཆོག་ནི་བླ་མ་བསྟན་འཛིན་རིན་པོ་ཆེའི་སྲས་སུ་སྐུ་འཁྲུངས། ཡབ་ཀྱི་དགོངས་བཞེད་ལྟར་ས་ལྡང་ཡུལ་དུ་བཞུགས་ནས་ཡུལ་བའི་བླ་མ་དང་། ལྷག་པར་དུ་རྒྱུ་ཆེ་ཆུང་དང་མི་ངོ་མཐོ་དམན་ལ་མ་གཟིགས་པར་ནད་པ་ཚུར་བཅར་བ་དང་།

ཕར་གདན་འདྲེན་ཞུས་པ་ཐམས་ཅད་ལ་སྨན་བཅོས་མཛད་རྐྱང་གནང་ཞིང་། ཕྱིས་ཤཀྱཱ་རིན་པོ་ཆེ་དང་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱིས་ས་ལྡང་ཡུལ་དུ་གཡུ་ཐོག་ནོར་གླིང་སྲོག་འཚོའི་སྨན་ཁང་ཕྱག་བཏབ་ནས་དེར་གདན་འདྲེན་ཞུས་པ་ལྟར་ཕེབས་ནས་ནད་པ་ལ་སྨན་བཅོས་དང་སྨན་སློབ་བསྐྱེད་བསྲིང་གནང་ཞིང་།

གཞན་ཡང་དོལ་པོའི་གློག་བརྙན་གྲགས་ཅན་ཧི་མ་ལ་ཡ་ཞེས་པ་དེའི་ནང་དུའང་དོལ་པོའི་སྨན་པ་ཡོངས་ཀྱི་ཚབ་མཚོན་ལྟ་བུར་ལྷ་རྗེ་ཕན་ཐོགས་ཅན་ཞིག་འཁྲབས་གནང་ཡོད། ད་ལྟ་ཡང་ཉེ་འཁོར་རྣམས་ཀྱིས་བལ་ཡུལ་དུ་བཞུགས་ན་ལེགས་ཚུལ་ཞུས་ཀྱང་ཕ་ཡུལ་རང་དུ་བསྡད་ན་ནད་པ་ཛ་དྲག་དང་ཉམ་ཐག་པ་རྣམས་ལ་ཕན་ཐོགས་ཆེ་བ་འདུག་གསུངས་ནས་ཕ་ཡུལ་རང་དུ་བཞུགས་བཞིན་པའོ།།

 

©དོལ་པོ་རིག་མཛོད་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས།