སྐྱོ་གླུ།

ཕ་མ་དྲན་པའི་ཁ་ལ།། མི་ངན་གླིང་བུ་འབུད་ཀྱིག།།

སེམས་པ་སྡུག་གི་ཁ་ལ།། སྨུག་པའི་གཡས་སྐོར་རྒྱག་གི།

 

བྲག་ལ་ཐེམ་པ་མེད་ཅིག། ཆུ་ལ་ཟམ་པའི་སྐྱོར་མ།།

བུ་ཕྲུག་ཕ་མ་མེད་ཅིག། དཀོན་མཆོག་གསུམ་གྱི་སྐྱོར་མ།།

 

བསམ་བློ་ཡར་ཡར་བཏང་ཏེ།། མཆི་མ་མར་མར་བབས་བྱུང་།།

བསམ་བློ་བཏང་བའི་མཆི་མ།། པིས་(ཕྱིས་)ཀྱང་དག་ས་མི་འདུག།

 

དྲོ་ནི་ཉི་མ་དྲོ་བྱུང་།། ཉི་མ་རྩ་བའི་བླ་མ།།

དཀར་ནི་ཟླ་བ་དཀར་བྱུང་།། ཟླ་བ་དྲིན་ཆེན་ཕ་མ།།

 

སེམས་པས་གཡས་སྐོར་བརྒྱབ་ཡོད།། ལུས་པོས་གཡོན་སྐོར་བརྒྱབ་ཡོད།།

གདན་ཆུང་གྲུ་བཞིའི་སྟེང་ལ།། འཛོམ་པའི་སྨོན་ལམ་བཏབ་ཡོད།།

 

ལྕང་མ་ང་ཡིས་བཙུགས་ཡིན།། ལྕང་ཆུ་ང་ཡིས་བཅུས་ཡིན།།

ལྕང་མའི་བསིལ་གྲིབ་འོག་ཏུ།། སྡོད་མཁན་དཔོན་པོ་བསླེབས་བྱུང་།།

 

སྤང་ཁ་སྔོ་ཁྲ་ཤིག་ཤིག།། ཡབ་ཡུམ་ཡིན་ན་བསམ་བྱུང་།།

དེ་ལ་སྐྱེས་པའི་མེ་ཏོག།། ན་མཉམ་ཡིན་ན་བསམ་བྱུང་།།

 

སེམས་པ་སྡུག་སྡུག་མ་བྱེད།། ནམ་ལ་དབྱར་གཅིག་ཤར་ཡོང།།

ནམ་ལ་དབྱར་གཅིག་ཤར་ན།། བ་ལུའི་མེ་ཏོག་ཤར་ཡོང།།

 

འུ་ཅག་འདི་རུ་འཛོམས་འཛོམས།། གཏན་དུ་འཛོམ་རྒྱུ་བྱུང་ན།།

གཏན་དུ་འཛོམས་པའི་སྔ་དྲོ།། གྱེས་རྒྱུ་མེད་གྲོགས་བྱས་ནི།།

 

ཆར་བ་རིལ་ལུ་ཤིག་ཤིག།། རི་ཟུར་འགྲིམས་དེ་བུད་སོང་།།

ཨ་མས་བཀོན་པའི་གོས་ཆུང་།། སྣལ་མའི་རྒྱུ་ལ་བུད་སོང་།།

 

སྔར་སོང་ཕ་མ་བཟང་པོའི།། གཅེས་ཕྲུག་རབ་ཞིག་བྱས་ཡིན།།

ད་ནི་རི་ཁ་མཐོན་པོའི།། རི་དྭགས་བདག་མེད་འདྲ་བྱུང་།།