སྒོམ་ཆེན་ཕྲིན་ལས་ཆོས་འཕེལ་གྱི་གསུང་རིན་ཐང་ཅན།

ན་མོ་གུ་རུ། དཔལ་དུས་གསུམ་རྒྱལ་བའི་སྤྱི་དཔལ་མགོན།།

རྗེ་མཚོ་སྐྱེས་རྡོ་རྗེ་པདྨ་འབྱུང་།།

མ་ཌཱ་ཀི་སྡེ་ལྔའི་ཚོགས་དང་བཅས།།

ཁྱེད་ཐམས་ཅད་འཇའ་འོད་གུར་ཁང་བཞུགས།།

སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས།།

རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།།

ཚེ་སྒྲུབ་པ་མཐའ་རུ་ཕྱིན་པ་དང་།།

མགོན་ཁྱེད་དང་མཉམ་པར་བྱིན་ཆེན་ཕོབ།།

བློ་ལང་ཤོར་ཆོས་དང་འདྲེས་པར་ཤོག།

ཁྱོད་དལ་འབྱོར་མི་ལུས་ཐོབ་དུས་སུ།།

གནད་སྙིང་པོ་སྒྲུབ་པ་མི་བྱེད་པར།།

སེམས་ཆལ་ཆོལ་མི་ནག་སྤྱོད་འགྲོས་ཅན།།

སྙིང་ཁོང་ནས་རུལ་པ་མ་ཚོར་འདུག།

བློ་ནང་དུ་ཁུག་ལ་བསམ་མནོ་ཐོངས།།

ཁྱེད་ཅོལ་ཆུང་ཁ་ནས་ཅི་ལབ་མེད།།

མི་རང་གཞན་ཀུན་གྱི་སེམས་རྩ་འཁྲུག།

ངག་སྨྲ་བ་བཅད་ན་མི་ལེགས་སམ།།

ཁྱོད་ཙབ་ཙོབ་ལུས་སེམས་བྱ་བྱེད་མང་།།

ལས་བྱས་པས་མི་ཟིན་ཆུ་གཉེར་འདྲ།།

ད་བྱར་མེད་ལམ་ལ་མི་འདུག་གམ།།

ཁྱོད་བླ་ཡངས་མི་ཁུགས་འགྲོ་འདུག་མང་།།

གནས་གཅིག་ཏུ་མི་ཚུགས་འབྱུང་པོ་འདྲ།།

ད་གདན་ཐོག་སྡུག་ཁུར་འཛུགས་རེ་རན།།

ཁྱོད་ལས་ངན་ཅན་དེ་ཐེ་ཚོམ་ཆེ།།

ཆོས་གཅིག་ལེགས་གཉིས་ལེགས་སྤོང་ལེན་མང་།།

ད་ཉམས་ལེན་གཅིག་མཐར་མི་འདོན་ནམ།།

ཁྱོད་ཀླད་སྲབ་མི་དེ་སར་འགྲོགས་ཆེ།།

གྲོགས་སྔ་མ་སྨད་ཅིང་ཕྱི་མ་བསྟོད།།

ད་ཀུན་ལ་དག་སྣང་མི་སྦྱོང་ངམ།།

ཁྱོད་རྨུ་རྒོད་མི་དེ་རང་མཐོང་ཆེ།།

ཁོང་ལྷ་དང་བླ་མ་དབྱིངས་ནས་ཁྲེལ།།

ད་དམན་ས་བཟུང་ན་མི་ལེགས་སམ།།

ཁྱོད་དཀོར་ཟན་མི་དེ་ལྟོ་བ་ཆེ།།

དཀོར་སྔ་མ་མ་འབྱོངས་ཕྱི་མ་ལེན།།

ལམ་ཐར་བའི་སྲོག་རྩ་གཅོད་འདོད་ཡིན།།

ཕ་རྒྱལ་བ་གོང་མའི་རྣམ་ཐར་ལྟོས།།

ཁྱོད་གང་ནས་བསམ་ཀྱང་བློ་སྣ་རིང་།།

མི་སྔ་མ་ཤི་བ་རྩིས་གྲངས་ཐོངས།།

མགོ་སྐྲ་དཀར་ཟུག་པ་མ་ཚོར་རམ།།

ད་འཆི་བགྲོད་གདེང་ཞིག་ཨེ་གདའ་སོམས།།

ཁྱོད་ཕྱི་ནས་བལྟས་ན་ཆོས་པའི་གཟུགས།།

ནང་རང་རྒྱུད་ཆོས་དང་མ་འདྲེས་གདའ།།

སྙིང་རུས་པའི་གཏིང་ནས་སྒྲུབ་པ་གྱིས།།

ཁྱོད་ཁ་བཤད་མཁས་ཀྱང་ལག་ལེན་སྡུགས།།

ཆོས་ཁ་ཆོས་མཁས་པས་དོན་མི་འགྲུབ།།

ད་སྨྲ་མེད་དོན་ཞིག་ཨེ་རྟོགས་ལྟོས།།

ལར་ཉེས་པའི་རྩ་བ་སེམས་ལ་ཐུག།

སེམས་རང་རྒྱུད་དྲེད་པོ་སྨྲ་བ་མང་།།

ཁ་རྐུབ་ལྟར་ཚུམས་ལ་རང་ངོ་ལྟོས།།

ཁྱོད་ལབ་ལོབ་མང་པོས་ཕུང་གྲངས་མང་།།

ངག་ཅ་ཅོ་སྨྲ་བའི་ལང་ཤོར་ཁྱོད།།

ད་སྨྲ་མེད་ལྐུགས་པའི་དོན་ལ་ཞོགས།།

སྙིང་ཁོང་ནས་རུལ་བ་མ་ཚོར་རམ།།

ད་གཉེན་པོ་བསྟེན་ན་བསྟེན་རན་འདུག།

ད་རན་ནས་མ་ཚད་ཕྱིས་ནས་ཐལ།།

སེམས་སྙིང་ཁར་བཟུང་ལ་རང་ཚུགས་བཟུང་།།

མགོན་རྒྱལ་བས་བྱིན་གྱིས་རློབ་ངེས་སོ།། ཞེས་པ་འདི་ཡང་ཁ་འདི་ཉེས་པ་ཀུན་གྱི་རྩ་བར་འདུག་པས་ཧ་ཅང་ལང་ལ་ཤོར་བས་རང་གིས་རང་ལ་མཚང་འདོན་དང་དམ་དུ་བཅས་པས་སྨྲ་མེད་དོན་ལ་རྩེ་གཅིག་ཏུ་གནས་པར་གྱུར་ཅིག  མངྒ་ལཾ། དམ་པ་གང་གི་མགུར་འབུམ་ནང་མེད་པའི་འཐོར་ལ་ཉེ་བའི་གསུང་རིན་ཐང་ཅན་ཞིག་ཡིན་འདུག་པས་འདིར་བཀོད་པ་དགེའོ།། །།

 

དོལ་པོ་ཉིན་ཆུང་བླ་བྲང་དུ་བཞུགས་པའི་སྒོམ་ཆེན་ཕྲིན་ལས་ཆོས་འཕེལ་གྱི་འདྲ་སྐུ།