སྒོ་མོ་གསེར་སྒོ། དོལ་པོའི་དམངས་གླུ།

 

སྒོ་མོ་གསེར་སྒོ་(པེ་)ཕྱེ་བའི་ནང་ཞིག་ན།།
གསེར་སེར་པོའི་འདྲེན་སྐྱོགས་ཆ་ཅིག་ཡོད།།
དེ་ཚོ་ཡིད་འཕྲོག་མཛེས་མའི་ནོར་སྐལ་གྱིས།།
རྩ་བའི་བླ་མ་མཇལ་དུ་བཏང་ནི་འགྲོ།།
ཡང་སུ་སངས་རྒྱས་མཇལ་དུ་བཏང་ནི་འགྲོ།།
སྒོ་མོ་དངུལ་སྒོ་ཕྱེ་བའི་ནང་ཞིག་ན།།
དངུལ་དཀར་པོའི་འདྲེན་སྐྱོགས་ཆ་གཅིག་ཡོད།།
དེ་ཚོ་ཡིད་འཕྲོག་མཛེས་མའི་ནོར་སྐལ་གྱིས།།
མགོ་འདྲེན་དཔོན་པོ་མཇལ་དུ་བཏང་ནི་འགྲོ།།
ཡང་སུ་དཔོན་པོ་མཇལ་དུ་བཏང་ནི་འགྲོ།།
སྒོ་མོ་དུང་སྒོ་ཕྱེ་བའི་ནང་ཞིག་ན།།
དུང་དཀར་པོའི་འདྲེན་སྐྱོགས་ཆ་གཅིག་ཡོད།།
དེ་ཚོ་ཡིད་འཕྲོག་མཛེས་མའི་ནོར་སྐལ་གྱིས།།
དྲིན་ཅན་ཕ་མ་མཇལ་དུ་བཏང་ནི་འགྲོ།།
ཕ་མ་ཡབ་ཡུམ་མཇལ་དུ་བཏང་ནི་འགྲོ།།
སྒོ་མོ་གཡུ་སྒོ་ཕྱེ་བའི་ནང་ཞིག་ན།།
གཡུ་སྔོན་མོའི་འདྲེན་སྐྱོགས་ཆ་གཅིག་ཡོད།།
དེ་ཚོ་ཡིད་འཕྲོག་མཛེས་མའི་ནོར་སྐལ་གྱིས།།
ན་མཉམ་གཞོན་གྲོགས་མཇལ་དུ་བཏང་ནི་འགྲོ།།
ཡང་སུ་གཞོན་གྲོགས་མཇལ་དུ་བཏང་ནི་འགྲོ།།

 

མཐོ་སྒང་དོལ་པོའི་དམངས་གླུ་ཕྱོགས་བསྡུས་ལས་ཤུས།