དོལ་པོ་ས་འདང་གབ་པ་ཚང་གི་རུས་ཡིག་ཆེན་མོ།

ཨོཾ་སྭ་སྟི། ས་སྟེང་འགྲོ་བའི་དབུགས་དབྱུང་ཐབས་མཆོག་འདི།།

འཕགས་པའི་སྤྲུལ་པ་བྱང་ཆུབ་སེམས་དཔའ་དང་།།

བྲག་སྲིན་གདོང་དམར་བ་ཡི་རྒྱུད་ལས་ཆད།།

ཕུ་དོན་གཅིག་ལ་བཟང་ངན་མེད་ན་ཡང་།།

རང་རང་ལས་དང་སྐལ་བའི་བྱ་སྤྱོད་ལས།།

རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས་དང་ནི།།

དམངས་རིགས་གདོལ་བའི་རིགས་སོགས་ལྔ་རུ་གྱེས།།

མདོ་སྡེ་ལ་སོགས་བསྟན་བཅོས་ཀུན་ཏུ་གསལ།།

དེ་བཞིན་ཆོས་རྒྱལ་གཉའ་ཁྲི་བཙན་པོ་ནས།།

རིམ་པར་བྱུང་བའི་ཆོས་རྒྱལ་རྒྱུད་འཛིན་གྱིས།།

མ་འོངས་རྒྱུད་ཁུངས་བསྟན་བཅོས་རིམ་པར་བཞག །

ཕྱི་བློན་ནང་བློན་སྡེ་འབངས་མི་སེར་བཅས།།

རང་རང་སོ་སོའི་རྒྱུད་ཁུངས་མ་ཆུགས་པར།།

ལེགས་གསལ་ཡི་གེ་བཞག་པ་ཇི་བཞིན་དུ།།

དེ་ཡང་རང་གི་རྒྱུད་ཁུངས་བཟང་ངན་དང་།།

རིམ་བཞིན་འོངས་ནས་གནས་འདིར་ཆགས་ཚུལ་ཀུན།།

ཡི་གེར་བྲིས་ནས་གོ་དོན་འདི་ལྟར་ལེགས།།

དེ་ཡང་ཡུལ་དབུས་མྱང་སྟོད་འབྲི་ཁུང་ཞེས།།

མཁར་ལ་སྔ་བ་གཡུ་རི་རྒྱལ་ཁང་དུ།།

ཕ་མེད་རང་སར་རྫི་བོས་རྙེད་ནས་བསླེབས།།

མ་མེད་ཚབ་ཏུ་སྟག་མོའི་ནུ་ཞོ་བཏུངས།།

དེ་ཕྱིར་ཀུན་གྱིས་བཀུར་བསྟི་མངའ་གསོལ་དུ།།

སྟག་རོང་རྒྱལ་པོ་ཞེས་བྱའི་མཚན་དུ་གྲགས།།

མི་རྣམས་ཕལ་གྱི་ལྷ་བབས་འཛོམས་ཕྲུག་ཟེར།།

ལྷ་ཆེན་འོད་སྡེ་གུང་རྒྱལ་རྒྱུད་པ་ཡིན།།

མངའ་འབངས་ལ་སོགས་དར་ཞིང་རྒྱས་པ་བྱུང་།།

དེ་ནས་རང་སྐྱེས་བུ་མོ་གཞོན་ནུ་ཞིག །

སྨོན་ཐང་རྟ་དམར་བཤས་འདྲའི་ཡུལ་དུ་ནི།།

རྒྱལ་པོའི་ཁབ་ཏུ་བཞེས་ནས་གནས་འདིར་བསླེབས།།

ཡབ་ཡུམ་ལ་སོགས་ཆུང་ནས་དབྱིངས་སུ་གཤེགས།།

ནུ་ཕོ་རང་རྐང་མ་ཚུགས་ཕྱི་རྗེས་བསྙེགས།།

དེ་ཉིད་འུ་ལས་ཁ་དྲག་རྒྱལ་པོར་བཀུར།།

ཅི་བྱེད་ཐམས་ཅད་དེ་ཡི་ལག་ན་གནས།།

འུ་རྣམས་ནམ་ཕུགས་འདིའི་འབངས་སུ་ཆུད།།

སྡུག་པའི་གནས་ལས་ཐར་དུས་མི་ཡོང་བས།།

དེ་ནི་མེད་པའི་ཐབས་ཤིག་བྱ་འོ་ཞེས།།

ཐམས་ཅད་འདུས་ནས་གསོད་པའི་འདུན་ཇུས་བསྒྲིགས།།

དམག་དཔུང་བསྡུས་ནས་ཚད་པས་དེ་མ་ཐུབ།།

བློན་འབངས་ཐམས་ཅད་ཕར་ལ་བསད་པའི་ཚེ།།

རྒྱལ་པོ་ཁྲོས་ནས་ང་ཡི་མི་སེར་ཀུན།།

མི་ངན་དེ་ཡིས་གཏན་ནས་མེད་པར་བརླགས། །

འདུག་པའི་གནས་མེད་མངའ་ཐང་སྟོངས་སུ་བཅུག །

ཟེར་ཞིང་མཐའ་ལ་སྤྱུགས་པའི་ཐབས་བསྒྲིགས་པས།།

ཨ་ཅིའི་ཚོར་ནས་ནུ་ཕོར་ཁ་ཏ་བསླབས།།

འོ་ཀོལ་སྤུན་གཉིས་ཚེ་འདིར་བྲལ་དགོས་པས།།

རང་ཉིད་སྔོན་བསགས་ལས་ཀྱི་མཐུ་ལས་བྱུང་།།

ད་ནི་འདིར་བསྡད་སྲོག་ཀྱང་བྲལ་བར་མཆིས།།

མཐའ་ལ་སྤྱུགས་ན་དེ་ལས་སྡུག་བསྔལ་ཆེ།།

དེ་བས་བྲོས་ན་རང་སྲོག་མི་ཕུང་པས།།

རང་ཉིད་འཐད་པའི་གནས་ལ་གཤེགས་ཤིག་བུ།། དེ་སྐད་ཅེས་བྱས་ནས་ཨ་ཅིས་ནོར་བུ་སྣ་ཚོགས་ནུ་ཕོར་བསྐུར་ནས་མཚན་ལ་བྲོས་བཏང་ངོ་། དེ་ནས་དོལ་ཕྱོགས་ལ་ལ་ཐོན་པོ་ཞིག་བརྒྱབ་ནས་འོངས་པས་མི་ནོར་བྱ་ཅན་གང་ཡང་མི་འདུག་པས་ལ་དེ་ལ་དབེན་པའི་ལ་མོར་བཏགས་སོ། དེ་ནས་མར་འོངས་པས་དོལ་པོའི་དགོན་པ་སྐྱིད་སྟེངས་ཟེར་བ་རུ་བསླེབས། དེར་ཞག་ཤས་བསྡད་གཏམ་སོགས་དྲིས་ནས་འདི་རྣམས་ལ་ཡུལ་གྱི་མིང་ཅི་འདྲ་ཟེར་པ་ཡོད། དཔོན་པོ་ཅི་འདྲ་ཡོད་བྱས་པས། ཡུལ་ནི་གང་དགོས་ཡོད་དེ་དཔོན་པོ་འདི་ཞེས་བྱ་བ་ནི་མེད། ཁྱོད་ཀྱི་ཕ་མ་རིགས་རུས་སོགས་གང་ན་ཡོད་བྱས་པས། ངས་ནི་ཕ་མ་སྔར་ནས་མེད། ཨ་ཅི་ལེགས་འཛོམས་ཟེར་བ་དེ་བློ་བོར་ཆུང་མ་ལ་སོང་། ང་དེའི་ཕྱི་ལ་འབྲངས་འོངས།

གཞན་ཡུལ་གྱི་མིང་ལ་མྱང་སྟོད་ལུང་པ་ཟེར།།

མཁར་གྱི་མིང་ལ་གཡུ་རི་རྒྱལ་ཁང་ཟེར།།

རུས་ནི་འོད་གསལ་ལྷ་ལས་ཆད་པ་ཡི།།

ལྷ་ཆེན་འོད་སྡེ་གུང་རྒྱལ་རྒྱུད་པ་ཡིན།།

ཕ་མ་མེད་པར་རི་ནས་རང་བྱུང་འཁྲུངས།།

ཨ་མའི་ཚབ་ཏུ་སྟག་མོའི་ནུ་ཞོ་བཏུངས།།

མྱང་ཡུལ་ཀུན་གྱི་མངའ་གསོལ་དཔོན་དུ་གྱུར།།

སྟག་རོང་རྒྱལ་པོ་ཞེས་བྱའི་མཚན་དུ་གསོལ།།

ཡུལ་གཞན་ཀུན་གྱི་ལྷ་བབས་འཛོམས་ཕྲུག་ཞུ།།

དེ་ལས་ཆད་ནས་རྒྱལ་རབས་ལྔ་ཙམ་གྲགས།།

ཆབ་སྲིད་མངའ་ཐང་ལ་སོགས་རྒྱས་པ་བྱུང་།།

བདག་ནི་དེའི་རྒྱུད་པ་ཡིན་ལགས་པས།

མིང་ལ་སྟག་རོང་རྒྱལ་སྲས་དོན་གྲུབ་ཟེར།

ཕ་མ་ལོ་གསུམ་ལོན་དུས་དབྱིངས་སུ་གཤེགས།།

ཨ་ཅི་མི་ཡུལ་བསླེབས་ནས་བདག་ཀྱང་བསླེབས།།

རང་ཡུལ་རྒྱུ་རྫས་སྨོན་ཐང་རྒྱལ་པོས་ཟས།།

ནང་མི་ཡིན་བྱས་མགོ་ཡུ་གདིང་ནས་བསྐོར།།

ད་ལྟ་རྒྱུ་ནོར་ཕར་ཞོག་རང་སྲོག་ལ།།

ཉེ་བའི་དུས་ཤར་ཟུར་ནས་འོངས་པ་ཡིན།།

རིགས་རུས་གང་ཡིན་ཐུགས་ཡིད་མ་ཆེས་ན།།

གློ་བོ་དང་ནི་སྟག་རོང་ཡུལ་དུ་དྲིས།།

ང་ཡི་བདེན་རྫུན་དེ་ནས་ཕྱེ་ནས་ཡོང་།། ཅེས་ཞུས་སོ། དེ་ནས་མཁན་པོའི་ཞལ་ནས། ཁྱོད་མི་འཇོན་ཐོག་འདྲ་འདུག་པས་ངེད་ཚོའི་གཙོ་བོ་བྱས་ན་ཨེ་ཡོང་ཟེར། ཁྱེད་ཀྱི་ཡུལ་ནས་མི་ཁུངས་ལྡན་ཞིང་འདུན་མ་སོགས་འབྱོར་བ་ཡོད་དམ་བྱས་པས། ཡུལ་ནི་སེངྒེ་ལུང་ཟེར་བ་ཡིན། དེ་མིན་ཡུལ་ཡས་མས་ཅི་དགོས་ཡོད། ཆུང་མ་རིགས་བཟང་ལོས་འབྱོར། ངའི་ནུ་མོ་གཅིག་ཡོད་དེ་བྱས་ཆོག ངེད་འབ་སྤྱི་ཟེར་བ་རིགས་རུས་མཐོན་པོ་ཡིན། ང་རང་ནི་འདིའི་མཁན་པོ་ཡིན། ངེད་རྒྱུད་པ་ཆེར་མེད་ངེད་ཀྱི་ཁྱིམ་དུ་སྡོད་ལ་གོ་མག་གྱིས་ཟེར་རོ། དེ་ནས་སེངྒེ་ལུང་དུ་ཕྱིན་ནས་མཁན་པོའི་ནུ་མོ་དང་མཐུན་འཇུག་བྱས། ངའི་མིང་ཡང་སྟག་རོང་གཙོ་བོ་དོན་གྲུབ་དུ་བཏགས། ཁང་པའི་མིང་ལ་འ་བ་གཞོན་ཚང་ཟེར། བུ་གསུམ་བུ་མོ་ལྔ་སྐྱེས་མི་ནོར་དར་པར་ཡོད། དུས་ཞིག་ནས་ཡུལ་པའི་རྫི་བོ་འཐུས་མི་རྒྱུན་དུ་ཡོད་པས་ར་མ་ཁུ་བྱུག་ཟེར་བ་དེ། རྒྱུན་དུ་འཇོ་རྒྱུ་མི་ཡོང་འདུག་པས་རྫི་བོ་དེས་བཏུངས་པ་འདྲ་སྙམ་ནས། ཡུལ་མིས་རྫི་བོ་ཁྲིད་ནས་གཙོ་བོ་དོན་གྲུབ་ལ་ལོ་རྒྱུས་ཞུས་པས། རྫི་བོས་ངས་ནི་ཅི་ཡང་མ་བྱས་ར་འདི་བྲག་དམར་ཆོ་ལོང་འདྲ་བ་དེར་རྟག་ཏུ་བུད་ནས་ང་སྒེར་དུ་ཡང་ཡང་འགུག་དགོས་པ་འདུག་ཞུས་པས། གཙོ་བོས་དེར་ལྟོས་ཤོག་ར་འདི་ཁྲིད་ལ་རྒྱུག་བྱས། དེ་ལྟར་བྱས་པས་བྲག་སེང་ན་བུ་གཅིག་ར་མ་འཐུང་བ་མཐོང་ནས་ལམ་གསེང་ཟིན་ནས་ཁྱེར་འོངས་གཙོ་བའི་དྲུང་དུ་བསྐྱལ། འདི་ཅི་ཡིན་ཧ་མི་གོ་ནམ་ཚར་དུ་འོ་རང་ཀུན་གསོས་བྱས་ཡུལ་སྤྱིས་གསོས་སོ།། བུ་དེ་ཚར་ནས་ར་ནག་མི་ཅང་ཞེས་ཚད་ཐུབ་ཅིག་བྱུང་། དེ་ལ་ཆུང་མ་གཙོ་བོའི་བུ་མོ་ཀུན་འཛོམས་ཟེར་བ་དེ་སྦྱིན། བུ་གསུམ་བུ་མོ་བཅས་བཞི་སྐྱེས། སླར་ཡང་ར་ནག་མི་ཅང་ཁོས་གློ་བོའི་རྒྱལ་པོའི་བུ་མོ་ཞིག་བླངས་ནས་ཁྲིད་འོངས་ཏེ་ལམ་བར་དུ་ཤི། སྨོན་ཐང་རྒྱལ་པོས་ཁོས་ངའི་བུ་མོ་བསད་པ་ཡིན་ཞེས་བྱས་ནས་དམག་བརྒྱབ་ནས་མ་ཐུབ་ཀྱང་རང་མིས་ཕྱི་ལོག་ནང་འདྲེན་བྱས་ནས་ར་ནག་དང་གཙོ་བོ་དོན་གྲུབ་བཅས་རྒན་པ་ཐམས་ཅད་བསད་ནས་བུ་རྣམས་རང་ས་མ་ཟིན་པས། བུ་ཆེ་བ་སྟོབས་རྒྱས་ཡུལ་ཐོན་མུ་གུམ་ཕྱོགས་ལ་སོང་། བར་བ་ནི་དགྲ་ཡུལ་འདི་རུ་མི་སྡོད་རི་ལ་འགྲོ་བྱས་ནས་ཝག་ཟེར་བ་དེར་སོང་། བུ་ཆུང་བ་དང་ཨ་མ་བཅས་ཐོན་ནས་ས་ཏིག་ཏིག་འདི་རུ་སྡོད་དོ་ཨང་། འུ་མ་བུ་དགྲ་ལ་རྒྱལ་ལོ་ཟེར། ཞེས་ཏི་ལིང་ཟེར་བ་དེ་རུ་བསྡད། བུ་ཁོས་ད་ལོ་རང་མ་བུ་སྡོད་པ་ཁྱིམ་ཅིག་བཅོ་བྱས་པས། ཨ་མས་ངས་ནི་མི་ཤེས། བུ་ནི་ཅུངས་ད་གང་དྲག་བྱས་པས། རང་གིས་དཔག་ཚོད་བཅའ་ནས་ཡོང་ངོ་ཨང་། མ་ཡིས་ས་བག་མྱུར་དུ་སྒྲུབས་ཤོག་བྱས། ཁྱིམ་ཅིག་ལེགས་པར་བཅོས་མིང་ལ་ཡང་དཔའ་བ་བཏགས་སོ།། བུ་དེའི་མིང་ལ་འབྲུག་པ་རྒྱས་ཟེར། དེའི་ཆུང་མ་ཞོ་ཁང་ནས་བུ་མོ་ནོར་རྒྱས་དབང་མོ་བྱ་བ་བླངས་ནས་བུ་སྤུན་གསུམ་ཡོད་པ་ཆེ་བ་ཇོ་ཇོ་བློ་གྲོས་ཟེར། དེས་དཔའ་བ་བཟུང་ནས་དར་ཞིང་རྒྱས་པར་བྱུང་། བར་བ་ཀུན་དགའ་ཟེར་བ་དེ་ཉི་གསལ་དུ་བུ་མོ་གཅིག་ལ་ལེགས་ཉེས་བྱུང་ནས། མཐར་གྲོང་པའི་མིང་ལ་རྫིང་སྙ་ཟེར། རྫིང་སྙ་བསམ་གྲུབ་ཟེར་བ་དེའི་བུ་ཚའི་མིང་རྣམ་རྒྱལ་ཟེར། ཡུལ་སྨད་པའི་གྲེས་པོ་ཡང་བྱས། གསུམ་པ་ཅུང་པ་དེ་དགོན་པ་གཡས་འཚེར་གྲྭ་བ་བྱས་ནས་ཆོས་འཇིག་རྟེན་གཉིས་ཀ་དོག་ཏུ་ཐོན་པ་བྱུང་ནས། ཆོས་བཞེངས་རྟེན་བཞེངས་ལ་སོགས་མང་པོ་བྱས། གསེར་སྐུ་དངུལ་སྐུ་ལ་སོགས་པ། གསེར་ཐང་བཅོ་ལྔ་བཞེངས། སྐུ་ཚེ་ཡང་བརྒྱད་ཅུ་བཞུགས་ཟེར། གཡས་འཚེར་ཚོགས་པ་བཀའ་བགྲོས་ཁག་ཆེ་བ་ཡོད་ཚེ་རྒྱབ་ལ་གདན་དྲངས་ནས་བཀའ་བགྲོས་ཞུ་ཟེར་བ་གདའ། དགེ་སློང་དོན་གྲུབ་ཟེར་བ་དོག་ཏུ་ཐོན་པ་ཅིག་བྱུང་ངོ་། གྲོངས་ཚེའང་བདུན་ཕྲག་གསུམ་སྦྲེལ་ཞག་པོ་ཉི་ཤུ་རྩ་གཅིག་བཞུགས་ཟེར། ཇོ་ཇོ་བློ་གྲོས་ལ་ཡང་བུ་སྤུན་གསུམ་ཡོད། བུ་ཆེ་བ་ཇོ་ཇོ་དོན་གྲུབ་ཟེར་བ་དེས་དཔའ་བ་བཟུང་། བར་བ་ཀུན་དགའ་ཟེར་བ་དེ་ཡར་ས་འདང་ཕྱོགས་ལ་འོངས་ནས། དགོན་པ་གནམ་གུང་དུ་ལོ་ངོ་གཅིག་ཙམ་བསྡད། ཆོས་པ་ཆེ་ནི་མེད། སྐྲ་ཕུད་ཕུལ་བ་ཙམ་ལ་ཡིན། དེས་ན་བསམ་མནོ་ཞིག་བཏང་པས། དེང་སང་ཆོས་བྱས་ཀྱང་། ཆོས་ཞུག་མཐར་ཐོན་པ་གཅིག་ནི་སུས་ཀྱང་ཡོང་གིན་མི་འདུག འཇིག་རྟེན་མི་ཆོས་ཀྱི་འགོ་དཀའ་ཟེར། གཞིས་ཅུང་མ་གཅིག་ཐིངས་ན་དེ་ཀ་བརྟན་བསམ་ནས། དེ་ནས་ཡུལ་དུ་ཕྱིན། ཁང་པ་གང་དགའ་བསམ། སྟོད་སྨད་ཀུན་ལ་བལྟས་པས། ནང་ལུང་། སྟང་འཁོར། བར་ཚོ་གསུམ་ནི་ཆགས་ནས་མི་ཐོག་རེ་ཙམ་སོང་འདུག དེ་ནས་སྨད་ཕྱོགས་དེ་ལ་བལྟས་པས། ཕ་བོང་སྔོན་པོ་ཆེན་པོ་ཅིག་བྱས། ས་ཆ་བརྟན་བརྟན་འདྲ་འདུག་པས། དམིགས་གཏད་དེ་རུ་བྱས། དེ་ནས་ཡུལ་དེའི་དྲག་པ་རྣམས་ལ་ཞུས་པས། ང་ནི་ཆོས་གཅིག་བྱེད་བསམ་ཙ་ནས། ཡར་གནམ་གུང་ཕྱོགས་ལ་སེམས་པ་འཐད་ནས་ཡོང་ཙ་ན། མི་བློ་མང་ནས་འཕུང་ཟེར་བ་དེ་བདེན་ཏེ། ད་ཆོས་བྱས་ནས། ཕྱི་ཐོས་པ། ནང་བསྒོམ་པ། བར་ཟུང་འཇུག་ཉམས་ལེན། སེམས་ཅན་ཐམས་ཅད་ཀྱི་གསོན་གྱི་རྐྱེན་ལོངས་པ། གཤིན་གྱི་ཡར་འདྲེན་བྱུང་ན་ལྷ་མཆོད། དེ་མིན་ཆོས་ཀྱང་མེད་འཇིག་རྟེན་ཡང་མེད། ཆོས་མགོ་ཡང་མ་ཐོན་བླ་མའི་ཐུགས་དཀྲུགས། དགོན་པས་དབེན་བྱས་ན་ནི། སོང་བ་ཆོས་ལ་སོང་ཡང་། སྟེལ་ས་དེ་ངན་སོང་ལས་མེད་པ་བྱུང་ན། དེ་བས་འཇིག་རྟེན་ཅིག་བྱས་ན་ཁེ་ཉེན་ཆུང་བ་འདུག་བསམ་པ་ཡིན། ད་ཁྱེད་ཀྱི་ཡུལ་འདིར་ཁང་ཆུང་ཅིག་རྒྱབ། དྲག་རེ་དྲག་ཕྱེད་རེ་ལ་བརྟེན་ནས་བསྡད་ན་གང་འདྲ་ཡོང་བྱས་པས། ཁྱོད་རང་སེམས་པ་འདིར་འཐད་ཕན་བསྡད་མི་ཆོག་པ་ཅི་ཡོད། འུ་ཐམས་ཅད་ཕས་ཚུས་ནས་འོངས་འོངས་མ་གཏོགས། ས་འདི་ནས་ཐོན་འོངས་པ་སུ་ཡོད། དྲག་རེ་དྲག་ཕྱེད་མ་དགོས་རང་སྟོབས་ཀྱིས་འཁྱུད་ན་ག་ཚོད་ཟ་ན་རང་དབང་འདུག་ཟེར། དེ་ནས་སྟི་ལིང་དུ་ཕྱིན། ཨ་ཇོ་ལ་ང་ཁ་སང་བསམ་པ་ལ། ཆོས་བྱེད་པ་ལ་ང་ནི་སྟོད་ཕྱོགས་བཀའ་རྒྱུད་པ་འདི་རྣམས་ལ་འཐད་པ་ཡོང་གིན་འདུག སྨད་འདིས་ཆོས་ལུགས་ནི་ས་ལུགས་ཡིན་པར་འདུག དགོན་པ་གཡས་འཚེར་དུ་ཆོས་ཤིག་བྱས་ནས། རང་རེའི་ཕ་མེས་དགེ་སློང་དོན་གྲུབ་གཡས་འཚེར་འདྲ་ནི་ཆོ་རེ་ཆེ། མིའི་ལས་རྐྱེན་བགྲོད་པ་གཅིག་ནི་ལོས་འོང་། ཟེར་ནས་མང་པོ་འབར་ཞིང་འདུག ངས་ནི་ང་རང་སེམས་པ་འཐད་ཕན་དེ་ཀ་ཡིན་བསམ་ནས། རྒྱུ་ནོར་མེད་པར་ཡར་ལོག་འོངས་ན་ནི་ཡུལ་མི་ལ་ཡང་ངོ་ཚ་བསམ་ནས། ནམ་ཁར་སོས་པོ་ནི། རང་གི་རྒྱུ་ནོར་དཀོན་ཚེ་འདྲ་གང་ཡོད་དེ་ཁྱེར། གཡག་གཉིས་ཡོད་དེ་དེད་བྱས་ནས་ས་འདང་དུ་འོངས། དེ་ནས་བཟུང་ཁང་ཆུང་གཅིག་འབུགས་ངེས་པ་ཅན་བྱས་ནས། སྔོན་ལ་གདུང་ཆ་རེའི་གྲ་སྒྲིག་པ་ཡོད་པ་མེད་བསམ། རྟ་རེ་རྟེ་བོ་འདྲ་བསྒྲུགས། དེ་ནས་གདུང་མ་འདོན་ས་མ་ཤེ་རོང་ཟེར་བ་ལ། ཁོང་ས་འདང་ས་ཆ་ཅན་རེ་ཡང་འགྲོ་བཞིན་འདུག ངས་ཀྱང་མི་ལག་སྟི་ལིང་པ་དར་རྒྱས་ཟེར་བའི་གཞོན་པ་གཅིག་ཡོད། དེ་ཁྲིད་ནས་ཕྱིན། གདུང་མ་ནི་སྦོམ་ཕྲ་གང་དགོས་ན་ཡང་འདུག ང་ནི་བློ་གཤེད་གཅིག་སྐྱེས་ནས་ད་ཡིན་ན་ཁང་པ་ཆུང་ཆུང་གཅིག་བཟོ་བསམ་སྟེ། གདུང་མ་ནི་གང་དགོས་པ་འདུག ཕྱིས་མི་ལ་ཡང་ཕན་ཐོགས་པ། རང་ཡང་གཞིས་སུ་ཁང་གཞིས་ཆུང་བས་མཐུ་བ་མེད། བྱེས་སུ་ཁ་ཕོར་ཆུང་བས་མཐུ་བ་མེད་ཟེར། ལྟོ་གོང་ཡན་ཆོད་ཆེ་ན་དགའ་ཟེར། རང་སྟོབས་ཀྱིས་ཁྱུད་ན་ཁང་པ་ཆེ་ཙམ་བཟོ་བསམ་ནས་བསྡད། རོགས་རྣམས་ནི་གཡག་ཁལ་གཉིས་གསུམ་རེ་བཏོན་ནས་ལོག་སོང་། ངེད་གཉིས་ནི་བསྡད་ནས་གདུང་མ་ཅི་དགོས་དེ་བསྒྲུགས། གང་ལྟར་དབྱར་ངོ་གཅིག་གདུང་མ་བསྒྲུགས་པ་ཡིན། དེ་ནས་སོས་ཤར་པ་དང་ན་ནིང་ཁང་ས་བཙལ་བའི་ཕ་བོང་སྔོན་པོ་ཡོད་སར། གཞིས་གཅིག་བཏིང་ནས་ཞག་གསུམ་རྩིས་འགྲོ་བ་དང་། བདག་གི་རྨི་ལམ་གནམ་དགུང་བླ་མ་ཡིན་ཟེར་བ་གཅིག་ནི། ཁྱེད་ན་ནིང་ཕན་ནི་ཆོས་བྱེད་ཟེར་འདུག ཐབས་གཞུག་ནི་འཇིག་རྟེན་བྱེད་ཟེར་ཏེ། འཇིག་རྟེན་ཡང་དག་པ་བྱུང་ན་ཁོ་ཡང་མཐུ་མོ་མིན། ཆོས་དང་འཇིག་རྟེན་གཉིས་ཀའི་གཞིས་མ་ཡིན་སྟེ། ད་ཁྱོད་རང་འཇིག་རྟེན་བྱེད་ན་ཁང་པ་ནི། འདིས་གྲོག་པོའི་ཕར་ཚོད་དབྱིབས་ནི་དགའ་བ་འདུག་གསུངས། གཉིད་སད་ནས་གང་དྲག་རྨི་ལམ་ཁྱམས་པོ་ཡིན་ཡང་། སྔར་ཡང་ཐ་མལ་ཡིན་ཡང་བརྟག་ཡིད་ཅུང་མ་ཡོང་བཞིན་ཡོད། རྣམ་རྟོག་ཅིག་ལངས་ནས་གཡུགས་བཞག ཡང་ཕས་ཁོར་གཞི་བཏིང་ནས་ཁང་པ་བརྒྱབ་པས་ཡག་པོ་བྱུང་། དེ་ནས་ལོ་ངོ་གཉིས་ཙམ་ནས། གནས་མོ་གཅིག་མེད་པས་ཡོང་རྒྱུ་མིན་པ་འདྲ་བསམ་ནས། ས་ལྡང་ན་ནི་འདི་ཞེས་གཅིག་ཀྱང་མིན་འདུག ནམ་སྟོད་ཕྱོགས་ལ་བལྟས་པས་རྩ་བར་ན་བོམ་མཆོག་ཟེར་བའི་བུ་མོ་ན་ཆུང་གཅིག་འདུག་པ་དེ་དང་མཐུན་འཇུག་བྱས་ནས་བཀུག དེའི་སྟོན་པོ་སྟང་ཆུང་བླ་མ་ཕྲིན་ལས་ལྷུན་གྲུབ་མེ་ཏོག་ལ་ཕེབས་དུས་བདག་གི་ཁང་པ་འདི་གསར་པ་ཡིན་པས། དོ་གོང་འདི་རུ་བཞུགས་རོགས་མཛོད། ཁང་པ་གསར་བ་ལ་མིང་ཅིག་ཀྱང་གནང་རོགས་མཛད་ཞུས། སྡོད་ཟེར་བ་བྱུང་ན་དགའ་ཤོས་ཡིན་གསུངས། སྔ་དྲོ་འདང་རྨི་ལམ་དུ་འུ་རང་མིའི་སྒོ་རྭ་དེར་ཆུ་འཁྱིལ་རྫིང་འདྲ་བ་གཅིག་ན་བྱ་ངང་ངུར་འདྲ་བ་མི་ཤོང་གྱིན་གབ་བསྡད་པ་རྨི་བྱུང་། ཁྱོད་རང་གི་ཁང་པའི་མིང་ལ་གབ་པ་ཟེར་པ་སྨོས་ཤིག་གསུངས། ཡང་ཁྱོད་རང་འཐད་པ་ཟེར་ན་དེ་ལ་ཁྱད་མེད་གསུངས། ཕུ་ཁང་པ་བརྒྱབ་པ་འདི་གླང་ཆེན་ཕྲེད་དུ་ཉལ་བའི་ཁལ་ཁུང་འདྲ་བར་བརྒྱབ་འདུག་སྟེ་དེའི་ས་ཆ་འདི་ཡག་པོ་འདུག་གསུངས། དེའི་ལོ་བུ་གཅིག་སྐྱེས་མིང་ལ་ཨྱོན་ཟེར། མནའ་མ་གཅིག་ལེན་དགོས་ཏེ་གང་ནས་ལེན་བསམ། བར་མཚོ་ན་བུ་མོ་སུམ་མཆོག་ཟེར་བ་གཅིག་འདུག དེ་བླངས་ནས་ཁང་པ་གསར་དུ་བཅོས་ནས་བུ་ཕོགས་སྤྲད། ཁང་མིང་ལ་བར་མཚོ་སྨད་པ་ཟེར། ༼ཕྱིས་བར་སྨད་དུ་གྲགས།༽ བུ་གཉིས་སྐྱེས་ཆེ་བ་ལ་ཀུན་དགའ་ཟེར། ཆུང་བ་ལ་ཨྱོན་ཆོས་བཟང་ཟེར། ཀུན་དགའི་མནའ་མ་སྟོན་བྲག་ཟེར་བ་ན་བུ་མོ་ཀུན་དགའ་མིང་ཁྲིད་ཟེར་བ་དེ་བླངས། སྐྱིད་ར་ཐང་དུ་ཁང་པ་གསར་དུ་བརྒྱབ་ནས་སྤྲད། མིང་ལ་ཁང་པ་གསར་བ་ཟེར། བུ་གསུམ་བུ་མོ་བཞི་བདུན་སྐྱེས། བུ་ཆེ་བ་ཨྱོན་ཟེར། བར་པ་ལ་སྲི་འདུལ་ཟེར། ཆེ་བ་གཉིས་འཇིག་རྟེན་བྱས། ཆུང་ངུ་རྒྱལ་མཚན་ཆོས་བྱས། མནའ་མ་ནི་ཀོ་ཐོག་ནས་བུ་མོ་མིང་ཁྲིད་ཡེ་ཤེས་ཟེར་བ་བླངས། བུ་ལྔ་བུ་མོ་གཅིག་དྲུག་སྐྱེས། བུ་ཆེ་བ་འཇམ་དཔལ་ཟེར། དེ་ནས་ངག་དབང་། དེ་ནས་བཀྲིས། དེ་ནས་ཀུན་དགའ། ཆུང་བ་ལ་ཚེ་དབང་ཟེར། བུ་མོའི་མིང་ལ་དཔལ་འཛོམས་ཟེར། ཤེལ་རི་སྤྲུལ་སྐུ་བསྟན་འཛིན་རས་ཆེན་ནས་བཟུང་སྟེ་གདན་རབས་མང་པོ་ནས་བརྒྱུད་པའི་སྤྲུལ་སྐུ་ཀརྨ་ཁམས་གསུམ་དབང་འདུས་ཞུ་བ་དེའི་གཉེར་མོ་ལ་སོང་ནས། སྲས་དང་སྲས་མོ་གཉིས་ཀྱང་འཁྲུངས་ཡོད་ལ། ཚེ་དབང་བུའི་མནའ་མ་ནི་སུ་ཤིང་ནས་བུ་མོ་སུམ་མཆོག་ཟེར་བ་དེ་བླངས། ཁང་པ་བརྒྱབ་ལ་མིང་ལ་རིར་རྩ་ཟེར། བུ་གཅིག་བུ་མོ་གཅིག་གཉིས་སྐྱེས། བུ་རབ་རྒྱས་ལ་མནའ་མ་ནི་སུ་ཤིང་ནས་ཨ་ནེའི་ཚ་མོ་སྲི་གནོན་ཟེར་བ་བླངས་ནས་གབ་པ་བཟུང་། ཀུན་དགའི་ནུ་བོ་ཨྱོན་ནི། ལམ་ཞིང་པའི་གོ་མག་ལ་འགྲོ་རྒྱུ་ལ་བྲོས་ནས་བར་བོང་དུ་རྟ་གྲུ་ཨྱོན་བསྟན་འཛིན་གྱི་དྲུང་དུ་ཆོས་བྱས་སྒྲུབ་ཆེན་ཨྱོན་ཆོས་བཟང་ཟེར་བའི་རྟོགས་ལྡན་ཡག་པོ་བྱུང་ངོ་།།

 

འདི་ཡན་མི་ཐོག་བདུན་འགྲོ་བཞིན་འདུག སྡོད་པའི་གདན་ཁ་མ་ལོག ཉལ་བའི་སྔས་མ་ལོག་པ་བྱུང་འདུག མི་ནོར་ཐམས་ཅད་རྗེ་བཟང་ལ་སོང་། ཆོས་བཞེངས། བརྟེན་བཞེངས་ཡར་མཆོད་འབུལ་དང་མར་སྦྱིན་གཏོང་ལ་དགའ་བ། བར་དུ་ལོངས་སྤྱོད་ཆེ་ཞིང་མི་རྣམས་འདུས། དུས་དེང་སང་ནི་གྲོང་པ་བཞི་ཡང་ཡོད། དེ་ནས་འཚོང་ར་སྐྱང་ཕུད་དུ་མུ་ཁུམ་སྡེ་ཚོང་དང་དོལ་པོ་དུམ་པ་ཐུག་ནས་གཙོ་བོ་མུ་ལྟོ་ཟེར་བ་དེས་ཁྱེད་དོལ་པོ་ན་རུས་མིང་ལ་སྟག་རོང་གཙོ་བོ་ཟེར་བ་ཡོད་དམ་ཟེར་པས། གབ་པ་ཀུན་དགའ་ཆོས་སྐྱབས་ཀྱི་ངའི་རུས་མིང་ལ་སྟག་རོང་གཙོ་བོ་ཟེར་བྱས་པས། འོ་ངའི་ཕ་ཚན་ཡར་བ་ན་ཡོད་ཟེར་བ་དེ་རིང་འབྱོར་ཟེར་དགའ་དགའ་བྱེད་འདུག ངེད་ནི་མུ་ཁུམ་སྟོང་སྡེའི་དཔོན་བྱེད་པ་ཡིན་ཟེར་ལོ་རྒྱུས་མང་དུ་བྱུང་ངོ་།། དེའི་ཚུན་གཙོ་བོ་ཕན་ཐོགས་དང་། གབ་པ་ཨམ་ཆི་བཀྲིས་ཟེར་བ་མཐུན་པོ་བྱུང་། བྱང་དུ་བྱང་གཞིས་བཟུང་ནས་ལོ་མང་པོ་མཉམ་དུ་བསྡད་ཅིང་ཕྱུག་པོ་བྱུང་ངོ་།། ཀུན་དགའི་ནུ་བོ་ཕུན་ཚོགས་ནི་སེ་ཆེན་བཟུང་ནས་དཔའ་བ་རྒན་ཚང་ཡིན། དེ་ལ་བུ་བཞི་དང་བུ་མོ་གཅིག་ལྔ་ཡོད། ཆེ་བ་ལ་བསོད་བཀྲས་ཟེར། དཔའ་བ་བཟུང་། བུ་རུལ་སྐྱེས་གྲོང་པ་གཡལ། ནོར་ཐམས་ཅད་བཟས་བཙོངས། ཕྲལ་མ་འབྱོར་སྟོད་ཧོར་དྲོ་ཡོད་ཕྱོགས་ཡུལ་ཐོན། རྒད་པོ་དང་བུ་ཤི། བུ་མོ་ལོག་འོངས་ནས་བར་རོང་ཕྱོགས་ལ་སོང་། ཕྱུག་པོ་གཅིག་གི་མནའ་མ་ལ་ཡོད། བསོད་བཀྲས་ཀྱི་མིང་པོ་སྐྱིད་འཛུལ་ཟེར་བ་དེས་ལྷོ་རི་དབོན་པོ་ཆོས་སྐྱབས་ཟེར་བ་དེའི་བུ་མོ་བླངས་ནས་བུ་གཉིས་སྐྱེས། ནོར་མེད་པས་རྟ་རབ་གླང་ཟེར་བའི་ཕྱུག་པོ་བུ་མེད་པ་གྲོང་པ་གཉིས་ལ་གོ་མག་ལ་བཏང་ནས་གླང་པ་རྡོ་རྗེ་དང་། གླང་པ་ཆོས་འཕེལ་ཟེར་བའི་མི་ཚད་དང་ལྡན་པ་བྱུང་ངོ་།། དེའི་མཚམས་མ་དེ་ལ་བསོད་དབང་ཟེར། སེ་ཅན་བཟུང་། དེའི་བུའི་མིང་ལ་བློ་གྲོས་ཟེར། བློ་གྲོས་ཀྱི་བུའི་མིང་ལ་དཔལ་ལྡན་ཟེར། དཔལ་ལྡན་ལ་ཡང་བུ་ཡོད་ལ་དེའི་མཚམས་མ་དེ་ལ་རྒྱལ་མཚན་ཟེར། དགོན་པ་གཡས་འཚེར་གྱི་གྲྭ་བ་བྱས། ཀོ་མང་རྭ་ཆུང་ཟེར་བའི་བུ་མོ་འབྲུག་འཛོམས་ལ་ཉེས་ལེགས་བྱུང་ནས་ཡར་ལོག་མ་བྱས་པར་བསྡད་ནས་གྲོང་པ་བཟུང་། བུ་མང་པོ་བྱུང་། བུ་ཆེ་བ་ནམ་མཁའ་རྒྱལ་མཚན་གྱིས་གྲོང་པ་བཟུང་། དེང་སང་མི་ནོར་དར་ཞིང་རྒྱས་པ་ཡོད། དེའི་བུའི་མིང་ལ་ཀུན་དགའ་རྒྱལ་མཚན་ཟེར། ཆུང་བ་དེ་ལ་ཉི་ཤར་ཟེར། ཚྭ་དགའ་ཕྱོགས་ལ་བསྡད་ནས་བུ་གཅིག་བུ་མོ་གཅིག་བཅས་ཡོད། བུ་དེ་ཡང་སྟོན་གྱི་གྲྭ་བ་བྱས། བུ་མོ་དེ་རྒན་པ་བཀྲིས་ཚེ་འཕེལ་གྱི་བུའི་མནའ་མ་བྱས། གཉེན་བད་ཐག་ཙམ་གྱིས་ནུབ་གཅིག་གི་ཕག་ཐུབ།། སྤྲིན་མཐེའུ་ཙམ་གྱིས་ནུབ་གཅིག་གི་སད་ཐུབ།། ཟེར་བས་གཉེན་ཁུངས་ཆགས་ཚུལ་དེ་ལྟར་འདུག བཀྲིས་དགེའོ།། །།

 

ཡི་གེ་བ་ནི་གབ་པ་སྒྲུབ་རྒྱལ་ཡིན།།

ཕོ་ལོ་དྲུག་ཅུ་རེ་བདུན་འགྲོ།།

རྒྱུད་པ་རིན་ཆེན་སྣ་བདུན་འདི།།

མི་ནོར་རྒྱས་པའི་བཀྲིས་ཤོག །

ལོ་རྒྱུས་ཀྱི་ཁུངས།

དོལ་པོ་ས་འདང་སུ་ཞིང་བླ་བྲང་དུ་བཞུགས་པའི་གབ་པ་ཚང་གི་རུས་ཡིག་དང།

དོལ་པོ་ཉིན་ཆུང་བླ་བྲང་དུ་བཞུགས་པའི་གབ་པ་ཚང་གི་རུས་ཡིག

 

ཕྱོགས་སྒྲིག་པ།

ཉིན་ཆུང་གདུང་སྲས།

 

ཞུ་དག་པ།

དཀར་པོ་འཚོལ།

 

 

©དོལ་པོ་རིག་མཛོད་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། 

 

 

gapapa history pdf