དོལ་པོ་རྐང་རྩེད་སྤོ་ལོ་རུ་ཁག་གི་འཕེལ༌རིམ༌དང༌ངོ་སྤྲོད།

རྐང་རྩེད་སྤོ་ལོ་རྩེད་མོ་འདི་ནི་དེང་སང་འཛམ་གླིང་སྟེང༌གི༌མི༌ཕལ༌ཆེ༌བས༌ཆེས་དགའ་ཤོས༌བྱེད༌སའི༌རྩེད་མོ་ཡོངས༌ཁྱབ༌ཀྱི་གྲས་ཤིག་ཡིན། མ་ཟད་རྩེད༌མོ༌འདི་ནི་མི༌སྒེར༌གྱི༌སྒྱུ་རྩལ། ལུས་སྦྱོང༌། སྤྲོ༌ཉམས། སྤོབས༌པ༌སོགས༌ལུས༌སེམས༌ཀྱི༌རྣམ༌འགྱུར༌དང༌འཚོར༌
མཐའ༌དག༌གི༌གསོན༌ཤུགས༌མངོན༌པར༌བྱེད༌ཐུབ༌ཅིང༌། རྒྱལ༌ཁབ༌དང༌མི༌རིགས༌ཕན༌ཚུན༌བར༌གྱི༌མཐུན༌ལམ། ཚོང༌ལས༌དང༌། རང༌རང༌གི༌སྡེ༌ཚནཚོགས༌སྡེ༌ཡུལ༌ལུང༌ཁག༌གི༌ཐུན༌མིན༌ཁྱད༌ཆོས༌སོགས༌ལ༌དངོས༌ཤུགས༌བརྒྱུད༌གསུམ༌ནས༌དྲིལ༌སྒྲགས༌དང༌གསལ༌སྟོན༌གྱི༌སྲི༌ཞུ༌པ༌ཆེན༌པོ༌ཞིག་ཀྱང༌ཆགས་ཡོད། རྩེད་མོ་འདི་ནི༌ཇ་ཁང་ནང་དུ༌དུས༌ཚོད༌སྐྱེལ་པའི་སྐྱ༌བོ༌ལོ༌ལོན༌ནས། གྲྭ་སར་བཞུགས་པའི་དགེ་འདུན་པ༌ཚུན༌ཆད༌ཡོད་ཚད༌བགྲོ་གླེང་གི་ཚ་རླབས་ཕྱུར་དུ་འཇུག་མཁན་དེ་ཡང་ཡིན། རྩེད་མོ་འདི་ཉིད་ཐོག་མར།  ཕྱི་ལོ་ ༡༨༨༣ ཟླ་ ༡༢ ཚེས་ ༡༩ ཉིན་དབྱིན༌ཡུལ༌གྱི༌གྲོང་ཁྱེར་ཞིག་ཏུ༌ཐོག་མར་དར་བ་དང་། དེ་ནས་ཟུང་ཡུལ་ལུང་སོ་སོ་དང་། རྒྱལ་ཁབ་སོ་སོ་ནས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང་རུ་ཁག་ཚོགས་པ་གསར་འཛུགས། དེ་བཞིན་རྒྱལ་ཁབ་ཀྱི་མཚན་སྙན་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སོགས་བྱུང་བ་ཡིན།
འཛམ་གླིང་ནང་ཐོག་མའི་རྐང་རྩེད་སྤོ་ལོ་རུ་ཁག་ནི། དབྱིན་ཡུལ་དུ་སྤྱི་ལོ། ༡༨༥༧ ལོར་གསར་འཛུགས་བྱས་པའི་སྲིབ་ཕིལཌ་རྐང་རྩེད་སྤོ་ལོ་རུ་ཁག་ (Sheffield Football Club) འདི་ཉིད་ཡིན་ཞིང་། འདི་ནི་འཛམ་གླིང་ནང་ཆེས་ཐོག་མའི་རྐང་རྩེད་སྤོ་ལོ་རུ་ཁག་ཏུ་ངོས་འཛིན་ཐོབ་པ་དེ་རེད། འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐོག་མ་ནི་སྤྱི་ལོ་༡༩༣༠ ལོར་འགོ་འཛུགས་བྱས་ཡོད་ལ། ལོ་དེ་ནས་ཟུང་འཛམ་གླིང་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ (FIFA) ཕི༌ཕཱ༌ཟེར༌བ༌ནས་ཁྱོན་ཡོངས༌རྩེད་འགྲན་རུ་ཁག་གོང༌འཕེལ༌དུ༌འགྲོ༌རིམ་ལྟར༌ལོ་རེ་བཞིན་འཛམ་གླིང་རྐང་རྩེད་སྤོ་ལོའི་ལམ་ལུགས་དང་ཚོགས་པ་དེ་ཉིད་དར་རྒྱས་སུ་སོང་ནས། མཐར་ད་ལྟའི་བར་ཤར༌ནུབ༌ཀྱི༌རྒྱལ་ཁབ་མང་དག་ཞིག་འགྲན་བསྡུར་ནང་མཉམ་ཞུགས་བྱེད་རྒྱུ་ཐོབ་པ་མ་ཟད། རྟགས་མ་ཐོབ་མཁན་ཡང་མི་ཉུང་བ་ཞིག་བྱུང་བ་ཡིན། དེས་ན་འཛམ་གླིང་ཕོར་བའི་འགྲན་བསྡུར་ཞེས་སྐད་གྲགས་ཅན་དེ་བྱུང་བ་ཡིན།
དེ༌མཚུངས༌བལ་ཡུལ་དུ་རྐང་རྩེད་སྤོ་ལོའི་རྩེད་མོ་ཐོག་མ་སྤྱི་ལོ༌ ༡༩༢༡ རཱ་ཎས༌སྲིད་དབང་འཛིན་པའི་དུས་སུ་མགོ་ཚུགས་པ་ཡིན་ལ། དེ་ནི་ཐོག་མར་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་པའི་བལ་ཡུལ་གྱི་མི་སེར་འགའ་ཡིས་ནང་འདྲེན་བྱས་པར་བཤད། བལ་ཡུལ་དུ་རྩེད་མོ་འདི་སྲོལ་གཏོད་པ་པོ་ཁྲ་མེལ་ནས་ཡིན་པའི་ན་རཱ༌ཡན་ནར་སིང་རཱ་ན༌ (Narayan Narshingh Rana) དང་ནག་སཱལ་ནས་ཡིན་པའི་ཅནྡྲ༌ཇུང་ཐཱ༌པ༌ (Chandrajung Thapa) གཉིས་ཡིན་པར་ཚང༌མས༌ཡིད་ཆེས་དང༌ངོས་འཛིན་བྱེད་ཀྱིན་འདུག དེ་དུས་ས་གནས་སོ་སོའི་རྩེད་འགྲན་པ་དག་གི་བྷཱ༌བྷར་མ་ཧཱལ། (Babar Mahal) ཀྲན་གྷལ་དྷཱར་བྷར། (Tangal Durbar) སིངྒ་དྷཱར་བྷར། (Singha Durbar) བྷཱ་དུར་བྷ་ཝན། (Bahadur Bhawan) དང་ཁྲ་མེལ་ན༌རཱ་སིངྷ་ཀེམ་སོགས་སུ་རྩེད་མོ་འགྲན་བསྡུར་བྱེད་པ་དང་། གཞན་ཡང་དེའི༌སྐབས་སུ། མི་དམངས་དང་རྩེད་འགྲན་རུ་ཁག་ཐུན་མོང་གི་སིངྒ༌དྷཱར་བྷར། (Singh Darbar) ཅའུ་ནི། (Chhauni) གྷའུ་ཅ་རན། (Gaucharan) ཇའུ་ལ་ཁེལ། (Jawalakhel) དང་ལའན་ཅའུར། (Lainchaur) སོགས། ས་སྟོང་རྣམས་རྩེད་འགྲན་བྱེད་སར་བེད་སྤྱོད་ཀྱིན་ཡོད་པར༌བཤད། དེ༌དུས་རྩེད་འགྲན་རུ་ཁག་རྣམས༌ཀྱི་རྒྱབ་ལྗོངས་བརྟན་པོ་དང་། དམིགས་ཡུལ༌ངེས༌ཅན། བློ༌གཏད༌ཅན༌གྱི༌རོགས་རམ་སོགས་མེད་ཀྱང་སྤྲོ་སེམས་ཆེན་པོའི་ངང་གཱོལ་སྒོ་ (goal post) ཙམ༌ཡང༌མེད་པར། ཐོག་གཱོལ་གྱི་ཐིག་རྟགས་ངོས་འཛིན་པའི་ཐོག་ནས་རྩེ་བཞིན་ཡོད་པར་གྲགས། དེ་དུས་མི་དམངས་རྣམས་མཚང་ཁ་ཤིག་ཤིག་ངང་ལྟད་མོ་བལྟ་བར་ཡོང་གིན་ཡོད་ལ། སྡེ་བ་ཁ་ཤས་ནང༌མི་ཡོད༌ཚད༌རྩེད༌མོ༌བལྟ་སར་ཕྱིན་ནས་སྡེ༌པ༌སྟོང་པ་ཆགས་ཀྱི་ཡོད་པ་དང། མཚམས་རེར་རྩེད་ཐང་ནས་མི་དམངས་རྣམས༌ཕར་ཙམ༌མ་དེད༌ན་རྩེད་མོ་རྩེ་ས་མེད་པ་ཡང༌ཆགས་ཀྱི་ཡོད༌ཚུལ༌སོགས་སྐབས༌དེ་དུས་ཀྱི་རྩེད་འགྲན་མི་སྣ་འགས་བརྙན་འཕྲིན༌ནང༌བཤད་འདུག
དེ་རྗེས་སྤྱི་ལོ༌ ༡༩༥༡ ལོར༌བལ༌ཡུལ་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་ཚོགས་པ་ (ANFA) ཞེས་པ་འདི་གསར་འཛུགས་བྱས་ཤིང་། འདི་ནི་བལ་ཡུལ་རྒྱལ་ཡོངས་ཀྱི་ངོ་བོའི༌ཐོག་ཡོད་པའི་རྐང་རྩེད་སྤོ་ལོའི་ཚོགས་པ་དེ་རེད། འདིའི་འགན་ནི་བལ་ཡུལ་རྒྱལ་ཡོངས་རྩེད༌རྩེེེད༌འགྲན༌པའི༌ངོ་བོའི༌ཐོག་རྒྱལ་སྤྱིའི་ནང་འགྲན་བསྡུར་ལ་མཉམ་ཞུགས་བྱེད་རྒྱུ་སོགས་ཡིན་པ་རེད། ཚོགས་པ་འདི་ཉིད་སྤྱི་ལོ༌ ༡༩༧༢ ནང་རྒྱལ་སྤྱི༌རྐང་རྩེད་སྤོ་ལོ་མཐུན་ཚོགས་ (FIFA) ཡི༌ཁོངས་སུ་བཞུགས་པ་ཡིན་འདུག འདི༌ནི༌བལ་ཡུལ་རྒྱལ་ཁབ༌ནང་ཚ་ཚ་འུར་འུར་ངང་རྐང་རྩེད་སྤོ་ལོ་དར་ཁྱབ་བྱུང་ཚུལ་ལམ༌འཕེལ༌རིམ༌དེ་ཡིན།
དེ་མཚུངས་མཐོ༌སྒང༌དོལ་པོ་ལུང༌པ༌འདིར༌ཡང༌ངོས༌ཀྱི༌དྲན༌ཚོད༌ལྟར༌ན། སྔོན་དུས་ཕྲུ་གུ་འགའ་ནས༌རས་ཀྱི་ནང་རྩྭ་ཧྲུག་གམ་བལ་སྙིགས་བླུགས་ཏེ་འཚེམ་བུ་རྒྱབ་ནས་སྤོ་ལོ་བྱེད་ཀྱི་ཡོད། དེ་ལ་བྷ་ཀུན་ཌོ༌ཞེས་འབོད་ལ། རས་ལ༌བཟོས་པ་དེ་རིགས༌མང་ཆེ་གནམ་ལ་འཕངས་ནས་རྩེ༌སྲོལ་ཡོད། སྐབས་རེར་རྐང་པས་རྡོག་རྡེག་ཞུས་ནས་རྩེ༌སྲོལ་ཡང་ཡོད། སྐབས༌འགར་ཕྱི་གླིང་ཡུལ་སྐོར་བ་འགས་སྤོ་ལོ་ཆུང་ཆུང་དེ་འདྲ་རྔན་པ་སྤྲད་དུས་ཕྲུ་གུ་རྣམས་དགའ་བོའི༌ངང་རྩེད་མོར་འཇུག༌པའི༌ཚུལ༌ཡང༌ཡད༌ཡུད༌ཙམ༌དྲན། དེ༌ནི༌དོལ༌པོ༌པ༌རྣམས༌པོ༌ལོ༌ལ༌ཆེས༌ཐོག༌མའི༌བག༌ཆགས༌འཇོག༌
སའི༌ས༌བོན༌ཙམ༌དུ༌གྱུར།
དེ་ནས་སྤྱི་ལོ༌ ༡༩༩༥ ཡས་མས་ནས་དོལ་པོའི༌ཡུལ་ལུང་གང༌སར༌དེང༌དུས༌དང༌མཐུན༌པའི༌སློབ་གྲྭ་མང༌པོ༌གསར་འཛུགས་བྱས་པ་དང༌སྐབས༌མཚུངས༌པར། ཕྲུ༌གུ༌ཚོར༌དེ༌དུས་ཀྱི་དགེ་རྒན༌རྣམ༌པས༌༌ཕྱོགས༌འགོ༌ཙམ༌བསླབས༌ནས་བཟུང༌སློབ༌ཕྲུག༌རྣམས༌རང༌བཞིན༌གྱིས༌དེ༌ལ༌མོས༌པར༌གྱུར༌ཏེ༌
སློབ༌གྲྭའི༌བར༌སེང༌སྐབས༌སུ༌དགའ༌སྤྲོའི༌ཅ༌ཅོ༌དང༌བཅས༌ཡོངས༌ཁྱབ༌ཀྱི༌བསྒྲིག༌ཁྲིམས༌ཡང༌གང༌འཚམ༌ཤེས༌པའི༌ཐོག༌ནས༌རྩེ༌འགོ༌ཚུགས། འདི༌ནི༌མཐོ་སྒང་གི་དོལ༌པའི༌ཡུལ་འདིར་རྐང་རྩེད་སྤོ་ལོའི་རྩེད་མོ་དངོས་སུ་དར་མགོ་ཚུགས་པའི༌ཚུལ༌དེ༌ཡིན།
སྐབས༌དེར༌ངོས༌རང་ཉིད་ཀྱང་སྤྱི་ལོ༌ ༢༠༠༠ ཡས་མས་སུ་ས་འདང་ཡུལ་གྱི༌སློབ་ཆུང་འགྲིམས་སྐབས་སྤོ་ལོ་རྩེས་པ་ཉུང་ཉུང་མིན། སྐབས་རེར་སྤོ་ལོ་ཞིང་ཁའི་ནང་ལ་ཤོར་ནས་ཞིག་བདག་རྒན༌ཁོག༌ཚོས་བཀའ་བཀྱོན་ཕོག་པའང་དེ་བས་ཉུང་ཉུང་མིན། སྐབས་རེར་སྤོ་ལོ་མེད་དུས་རྐང་ཤུབ་རྙིང་ཧྲུལ་ནང་དུ་རྩྭ་ཧྲུག་དང༌བལ་སྙིགས་བླུགས་ཏེ་སྤོ་ལོ་བཟོས་ཏེ༌རྩེ་སྐབས་ཡུལ་མི་རྒན་གྲས་དག་གི་མགོ་ལ་ཕོག་ནས་རྣམ་ཏོག་ཟ་སྣང་བྱེད་པ་དང༌ལྷན༌བཀའ་བཀྱོན་ཡང༌གྲ་མ་དེ༌འདྲ༌ཕོག་མྱོང་ཡོད། དེ་ནི་བྱིས༌པའི་དུས་སྐབས་ཀྱི་ཕྱིར་དྲན་ཙམ་ཞོར་ཕྲོས་སུ༌ཐལ། མདོར་ན་དེ་ནས་ཟུང་ཡུལ་གྱི་ཕོ་གཞོན་ཚོ་ཡང་རྩེད་མོ་དེར་སྤྲོ་སྣང་བྱེད་མགོ་ཚུགས་ལ། སློབ་གྲྭ་ཁག་སོ་སོའི་ནང་རྒྱུན་དུ་རྩེད་སྲོལ་ཡོད།
དེ་ནས་རིམ་བཞིན་དོལ་པོའི་སློབ་ཕྲུག་རྣམས་བལ་ཡུལ་རྒྱལ་ས་ཀཐ་མན་ཌཱུར༌སླེབ་མགོ་ཚུགས་ནས་དོལ་པོའི་སློབ་གྲྭ་སོ་སོའི་གཏན་སློབ་ཁང་དང་། རང་རང་གི་སློབ་གྲྭ་ཁག་སོགས་སུ་དོལ་པོའི་གཞོན་སྐྱེས་མི་ཉུང་བ་ཞིག་རྩེད་མོ་འདི་ལ་དགའ་བོ་བྱེད་པ་དང་། མ་ཟད་གྲྭ་ས་ཁག་ན་བཞུགས་པའི་དོལ་པོའི་དགེ་འདུན་པ་མི་ཉུང་བ་ཞིག་ཀྱང༌ལུས་ཀྱི་འཕྲོད་བསྟེན་སོགས་ལ་དམིགས་ནས་རྩེད་མོ་འདིར་ཧ་ཅང་གི་དགའ་བོ་བྱེད་ཀྱི་ཡོད། ལོ་ཤས་སྔོན་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌཱུར༌དོལ་པོ་སློབ་ཕྲུག་ཚོགས་པའི་སྒོ་སྒྲིག་འོག་དོལ་པོའི་ཡུལ་ལུང་སོ་སོའི་སློབ་ཕྲུག་རྣམས་རུ་ཁག་བཟོས་ནས་རྩེད་འགྲན་བྱེད་པ་ཡང་དངོས༌སུ༌མཐོང་།
ད་ནི་ལོ་རྒྱུས་དངོས་ལ་འཇུག་ན། ད༌སྐབས༌དོལ་པོ་རྐང་རྩེད་སྤོ་ལོ་རུ་ཁག་འདི་ནི། Dolpo Football Club (Dolpo FC) དེང་དུས་དང་མཐུན་པའི་སྒོ་ནས་སྤྱི་ལོ༌ ༢༠༡༦ སྤྱི་ཟླ༌ ༠༧ སྤྱི་ཚེས༌ ༠༥ ཉིན་བལ་ཡུལ་རྒྱལ་ས་ཀཐ་མན་ཌཱུར༌འགྱུར་མེད་རིག་འཛིན་ནམ་ཡོངས་གྲགས་བུ་ཆུང་འགྱུར་རིག་ལགས༌ཀྱིས༌དོལ་པོ་སྤྱིའི་རྐང་རྩེད་སྤོ་ལོ་རུ་ཁག་གི་ངོ་བོའི་ཐོག་གསར་འཛུགས་བྱས་པ་ཞིག་ཡིན། ཚོགས་པ་འདིར་དོལ་པོ་གྲོང་ཚོ་གསུམ་ (དོལ་པོ་ཤེལ་ཕུག་སུམ་མདོ་གྲོང་སྡེ། དོལ་པོ་བུདྷ་གྲོང་སྡེ། ཚ་དགའ་སྟང་ཤོངས་གྲོང་སྡེ།) གྱི་རྩེད་འགྲན་རྩེ་ཕུད་གྲས་གདམས༌ནས་རྩེད་འགྲན་པ་གཞན་དང་ལྷན་དུ་འགྲན་བསྡུར་ལ་མཉམ་ཞུགས་བྱེད་རྒྱུ་ཡིན་པ་རེད། ཚོགས་པ་འདིའི་དམིགས་ཡུལ་ནི། བུ་ཆུང་འགྱུར་རིག་ཁོང༌གིས༌གསུངས་དོན་ལ། བལ་ཡུལ་ནང་ཧི་མ་ལ་ཡའི་མི་རིགས་གཞན་ལ། མ་ནང་མར་སྲང་ཏི་དང་། ཧི་མ་ལ་ཡཱན་ཤར་པ་རུ་ཁག་སོགས་རྩེ་ཕུད་གྲས༌མང་པོ་ཡོད་པ༌དེ་བཞིན་རང༌རེ༌དོལ་པོ་རྐང་རྩེད་སྤོ་ལོ་རུ་ཁག་འདི་ཡང་རྩེ་ཕུད་ཀྱི༌གྲས༌སུ༌བསླེབ༌ཐུབ༌པ༌ཞིག་དང་། དོལ་པོ་མི་རིགས་འདི་ཡང་མི་རིགས་གཞན་གྱི་མཉམ་དུ་དཔུང་པ་མཉམ་ཤིབ་དང་། ཕན་ཚུན་འཛའ་འབྲེལ་དང་ངོ་ཤེས། མ་འོངས་པར་བལ་ཡུལ་རྒྱལ་ཡོངས་རྩེད་འགྲན་ཁྲོད་མཉམ་གཞུག༌བྱེད༌ཐུབ་པའི་རེ་བ་དང་འབད་རྩོན་བྱེད་ཀྱིན་ཡོད་པ་གསུངས་སོང་། གལ་ཏེ་བལ་ཡུལ་རྒྱལ་ཡོངས་རྩེད་འགྲན་ནང་ཚུད་པ་ཡིན་ན་རིམ་པ་མི་འདྲ་བ་མང་པོའི་ཐོག་འགྲན་བསྡུར་བྱེད་རྒྱུའི་སྒོ་སྐབས་ཡོད་པ་རེད་འདུག
དོལ་པོ་རྐང་རྩེད་སྤོ་ལོ་རུ་ཁག་འདི་ལ་མཚོན༌ན༌ཡང༌ད་བར་སྔ་རྗེས་ཐེངས་གཉིས་ཙམ་རྟགས་མ་ཐོབ་ཡོད་འདུག རྟགས་མ་དང་པོ་དེ༌སྤྱི་ལོ༌ ༢༠༡༧ སྤྱི་ཟླ༌ ༠༤ སྤྱི་ཚེས༌ ༠༢ ལ། སི༌ཀ༌ཡི༌གཱོལ༌ (Sky Goal) ཨོ་པེན་ཕུཊསཱལ་ཏུར་ན་མེནཌ་ {Open Futsal Tournament} ཞེས་པར༌བལ་ཡུལ་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རུ་ཁག་གི་རུ་དཔོན་ཟུར་པ་ས་གྷར༌ཐཱ༌པའི་ (Sagar Thapa) ཕྱག ནས་ཐོབ་ཡོད་འདུག་ལ། གཉིས་པ་དེ། སྤྱི་ལོ༌ ༢༠༡༨ སྤྱི་ཟླ༌ ༠༧ སྤྱི་ཚེས༌ ༠༦ གོང༌ས༌མཆོག་དགུང་ལོ་རྒྱ་གསུམ་ལོན་པའི་འཁྲུངས་སྐར་ཀྱི་གྱི་ཉིན་མོ་ (Token Of Love) ཞེས་པའི་རྟགས་མ་དེ་ཐོབ་འདུག དེའི་སྐོར་ལ༌བུ་ཆུང་འགྱུར་རིག་ལགས༌ཀྱིས༌གསུངས་དོན། རྟགས་མ་གང་ཐོབ་པ་དེ་མི་སྒེར་གྱི་བདག་གཉེར་བྱེད་རྒྱུ་མིན་པར་དོལ་པོ་མི་མང་གི་ཆེད་དུ་རང་ཡིན་པ་དང་། མི་མང་རང་ལ་འབུལ་རྒྱུ་ཡིན་པ་གསུངས་སོང་། གཞན་ཡང་ཁོང་གི་མུ་མཐུད་གསུངས་དོན། མ་འོངས་པར་དོལ་པོ་ཕོ་གཞོན་མོ་གཞོན་རྩེད༌མོ༌དོ༌སྣང་ཡོད་མཁན། བདེ་ཐང་དང་ལྡན་པ། ཀུན༌སྤྱོད་བཟང་བ་སོགས་གཞན་དང་འགྲན་ནུས་པ་སུ་ཡོད་ནའང་སྒོ་སྐབས་བསྐྲུན་རྒྱུའི་འབད་རྩོན་བྱེད་རྒྱུ་ཡིན་པ་དང་། ཚོགས་པ་འདིར་སྔ་རྗེས་སུ་རྒྱབ་སྐྱོར་གནང་མཁན་མང་དག་ཞིག་ཡོད་པ༌རྣམ༌པར༌གོ༌སྐབས་འདིའི་རྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་དང། མ་འོངས་པར་ཡང༌དེ་བཞིན་རྒྱབ་སྐྱོར་གང་མང་གནང་སྐྱོང་ཡོང་བའི་རེ་བ་ཞུ་བཞིན་ཡོད། ཅེས༌དང༌། ལྷག་པར་དུ་འདི་ལོ་སྤྱི་ཟླ༌ ༠༧ པའི་ནང་དོལ་པོ་རྐང་རྩེད་སྤོ་ལོ་རུ་ཁག་གི་བུད་མེད་རུ་ཁག་ནས་རྩེད་འགྲན་བྱེད་ཀྱིན་ཡོད། དེ་དག་ལ་དོལ་པོ་མི་རིགས་འབྱོར་ལྡན་རྣམ༌པ་དང། གཞན་ཡང་དོལ་པོར་གཅེས༌ཞེན༌ཅན་སུ་ཡིན་ཡང་རྒྱབ་སྐྱོར་དང་རོགས་རམ་གང་མང་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་སོང་།
མཚམས་འདི་ནས་ངས་ཡིག་ཉོག་འདི་དག༌འཇུག་བསྡུ་རྒྱུ་ཡིན། དེ་དང་ལྷན་དུ་ཞུ་རྒྱུ་ཞིག་ལ། རང་ཉིད་སྤོ་ལོ་དང་འབྲེལ༌བའི༌ལོ་རྒྱུས་སོགས་གང་ཅིའི༌ཐད་ལ་རྒྱུས་མངའ་ཞན་པས་ནོར་བ་དང་སྔ་ཕྱི་འགལ་བ་སོགས་བྱུང་ངེས་པས་ཀློག༌མཁན༌རྣམ༌པར༌དགོངས་སེལ་ཞུ།

རྩོམ་པ་པོ། ཉིན་ཆུང་གདུང་སྲས།

 

 

 

©དོལ་པོ་རིག་མཛོད་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྤེལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས།