དཔལ་བྱང་ཆུབ་དགེ་འཕེལ་གླིང་།

དོལ་པོ་གྲུ་བཞིའི་ས་འདང་ས་གནས་ཀྱི་ཕྱོགས་ཀྱི་ཉི་གསལ་ཡུལ་དུ་ཡོད་པའི་རྙིང་མའི་དགོན་པ་ཞིག་སྟེ། ད་ལྟ་བལ་ཡུལ་ཀར་ཎ་ལི་མངའ་སྡེའི་ཌོལ་པ་རྫོང་དུ་གཏོགས། ཐོག་མར་ཕྱི་ལོ་༡༩༨༥ ལོར་བྱ་བྲལ་སངས་རྒྱས་རྡོ་རྗེའི་དངོས་སློབ་དོལ་པོ་བླ་མ་འཇིགས་མེད་ཁྲོ་རྒྱལ་གྱིས་དགོན་པ་རྟེན་དང་བརྟེན་པ་གསར་བཞེངས་གནང་། སྔ་འགྱུར་རིག་འཛིན་གོང་མའི་ཕྱག་བཞེས་ལྟར་འདུས་སྡེ་རྣམས་གཙོ་བོ་བཅད་མཚམས་སྒོམ་སྒྲུབ་ལ་གཞོལ་བར་མཛད།

དེའང་ཕྱི་ལོ་༡༩༨༧ ལོ་ནས་བཟུང་སྒྲུབ་གྲྭ་དབུ་བཙུགས་ཏེ། ལོ་དང་པོར་འབུམ་ལྔ་བསགས་སྦྱང་དང་། གཉིས་པར་ཀློང་སྙིང་རྩ་གསུམ་དང་ཐུགས་ཆེན་སྡུག་བསྔལ་རང་གྲོལ་གྱི་བསྙེན་པ། གསུམ་པར་བླ་སྒྲུབ་ཐིག་ལེ་རྒྱ་ཅན་དང་སྦྲེལ་ནས་ཁྲིད་ཡིག་ཡེ་ཤེས་བླ་མའི་སྨིན་ཁྲིད། མ་མགོན་ལྕམ་དྲལ་གྱི་བསྙེན་པ་བཅས་གཙོ་བོའི་ཉམས་ལེན་རྒྱུན་ཆགས་དང་། གཞན་ཡང་འཇའ་ཚོན་ཆོས་སྐོར་དང་། བདུད་འཇོམས་གཏེར་གསར་སྐོར། གཅོད་ཚོགས་སོགས་ཀྱི་ཕྱག་བཞེས་མཐོང་བ་བརྒྱུད་པའི་ལག་ལེན་དང་། དེ་ཡང་བོད་ཟླ་ ༡ ཚེས་ ༡ ་ཉིན་གནས་ཆོག་དང་། ཚེས་༣ ཉིན་ཕུད་རབ་བསངས་མཆོད། ཚེས་༡༥ལ་སྙིང་ཐིག་འོད་ཆོག་གི་སྒོ་ནས་མཆོད་འབུལ།

བོད་ཟླ ༢ ཚེས་༡ ཉིན། ༸སྐྱབས་རྗེ་པད་ནོར་རིན་པོ་ཆེའི་འདས་མཆོད་བླ་མ་རིག་འདུས་ཀྱི་སྒོ་ནས་ཚོགས་མཆོད། བོད་ཟླ ༤ པའི་ནང་སྨྱུང་གནས་ཆ་བརྒྱད་ལོ་ལྟར། སྤྲེལ་ཟླའི་ཚེས་༡༠ཉིན། ཞི་ཁྲོའི་སྐོང་ཆོག བོད་ཟླ་༨ ཚེས་ ༡༩ ཉིན། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་འདས་མཆོད་ལ་ ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་སྒོ་ནས་ཚོགས་མཆོད། བོད་ཟླ་ ༩ ཚེས་ ༢༢ ཉིན་ལྷ་བབས་དུས་ཆེན་དང་འབྲེལ། སྒྲུབ་གྲྭ་པ་རྣམས་སྔོན་འགྲོ་ནས་བསྙེན་པ་ལ་གོང་འཕོ་བ་སོགས་དང་། སྒྲུབ་གྲྭར་གསར་བཞུགས་རྣམས་ཀྱང་དེའི་དུས་སྡོམ་པར་མཛད། མཚམས་སྟོན་འབྲེལ་སྨན་སྒྲུབ་ཚོགས་པ་དང་། གསར་ཞུགས་གཙོས་པའི་དབང་ལུང་དེའི་དུས་ཚུགས། བོད་ཟླ་ ༡༡ ཚེས་ ༡༨ ཉིན། ༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་འདས་མཆོད་ལ། ཐུགས་ཆེན་སྡུག་བསྔལ་རང་གྲོལ་གྱི་སྒོ་ནས་ཚོགས་མཆོད། བོད་ཟླ་ ༡༢ ཚེས་ ༡༨ ཉིན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་འདས་མཆོད་ལ། བླ་མ་མཆོད་པ་དང་། བླ་སྒྲུབ་ཐིག་ལེའི་རྒྱ་ཅན་སྒོ་ནས་མཆོད་འབུལ་རྒྱས་པ། བོད་ཟླ་ ༡༢ ཚེས་ ༢༧ ནས་ ༢༩ བར། མ་མགོན་ཚོགས་མཆོད་ཀྱི་སྒོ་ནས་གཏོར་འབུལ་ཕྲིན་བཅོལ་བཅས་ལོ་གཅིག་གི་མཛད་རིམ་རགས་བསྡུས་དང་བཅས་སོ།།

 

©དོལ་པོ་རིག་མཛོད་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྤེལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས།