སྔ་འགྱུར་རྙིང་མ་པ་གཉན་མོ་གསང་སྔགས་ཆོས་གླིང་།

ས་གནས་དོལ་པོ་ཏིང་ཀྱུ་སྡེ་བར་དུས་རབས་བཅུ་བདུན་པའི་ནང་ཆོས་སྐྱོང་དཔལ་བཟང་གིས་ཕྱག་བཏབ། ཐོག་མར་ས་སྐྱ་དར་བར་མངོན། རིམ་པས་རྙིང་མ་དར། ཉམས་བཞེས་གཙོ་བོར་གུ་རུ་ཉང་དྲག་པོའི་ཆོས་སྐོར་མཛད། གཡས་འཚེར་དུ་ཉང་དྲག་པོའི་ཆོས་སྐོར་དེ་ཉམ་བཞེས་གཙོ་བོར་མཛད་ཀྱི་ཡོད་ལ།  གཡས་འཚེར་དགོན། ཐ་དཀར་དགོན། གཉན་མོ་དགོན། གསུམ་ནི་མ་དགོན་བུ་དགོན་དུ་བརྩི་བ་ཡིན། ལོ་རེའི་དུས་ཆེན་ཁག་ནི་བོད་ཟླ་དང་པོའི་ནང་དཔལ་མོ་ལུགས་ཀྱི་སྒོ་ནས་སྨྱུང་གནས་ཆ་བརྒྱད་སོགས་ཅི་རིགས། བོད་ཟླ་གསུམ་པའི་ཚེས་ཉེར་ལྔའི་ཉིན་བླ་མ་གོང་མ་དག་གི་དུས་མཆོད་ལ་རིག་འཛིན་འདུས་པ་དང་། དཀོན་སྤྱི་གང་རུང་གི་སྒོ་ནས་ཚོགས་མཆོད། བོད་ཟླ་ལྔ་བའི་ནང་རིག་འཛིན་འདུས་པའི་སྒོ་ནས་ཚེས་བཅུ། བོད་ཟླ་བཅུ་བའི་ནང་ཉང་དྲག་གི་སྒོ་ནས་དགུ་གཏོར། བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུའི་ཉིན་ཀུན་མཁྱེན་ཀློང་ཆེན་རབ་འབྱམ་པའི་འདས་མཆོད། ཟླ་རེའི་ཚེས་བཅུ་ཆག་མེད་དུ་འཚོགས་མུས་བཅས་ཡིན།
 ཆོས་སྐྱོང་དཔལ་བཟང་དང་བླ་མ་ཨོ་རྒྱན་མཐོང་གྲོལ་གཉིས་ཀྱི་བར་ལ་དགོན་པར་བཞུགས་མཁན་ཆེར་མ་བྱུང་ནས་ལོ་འགའ་ལྷག དེ་རྗེས་བླ་མ་ཨོ་རྒྱན་མཐོང་གྲོལ། དེའི་སྲས་བླ་མ་འཛམ་གླིང་གྲགས་པ། དེའི་སྲས་བླ་མ་ཆོས་གྲགས། དེའི་སྲས་ཨོ་རྒྱན་དཔལ་བཟང་། དེའི་སྲས་ཕྲིན་ལས་ནས་འཛིན་སྐྱོང་གནང་མུས་ཡིན། སྤྱི་ལོ་༢༠༠༧ ལོར་མེ་རྐྱོན་གྱིས་དགོན་པར་ཉམ་ཆག་ཆེན་པོ་བྱུང་།
སྤྱི་ལོ་༢༠༡༥ ལོ་ནས་དགོན་པ་ཉམས་གསོ་མཛད། སྤྱི་ལོ་༢༠༡༦ལོར་བླ་མ་པདྨ་བཀྲ་ཤིས་དཔལ་བྱང་ཆུབ་དགེ་འཕེལ་དགོན་དུ་བླ་མ་འཇིགས་མེད་རིན་པོ་ཆེའི་དྲུང་ནས་གདམ་ངག་བུམ་པ་གང་བྱོའི་ཚུལ་དུ་གསན་བསམ་མཛད་དེ་སྒྲུབ་སྟོན་སླད་དགེ་སློང་དར་རྒྱས་མཆོག་གདན་ཞུས་ཀྱིས་བླ་མའི་མཚན་གནས་བསྩལ། ད་ལྟ་བླ་མ་ནོར་བུ་དང་བླ་མ་པདྨ་བཀྲ་ཤིས་གཉིས་ནས་དགོན་པ་འཛིན་སྐྱོང་བྱེད་བཞིན་པ་ཡིན།

©དོལ་པོ་རིག་མཛོད་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྤེལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས།